ཏོག་དབྱིབས་རིམས་ནད་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་ཀྱི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་རྫུན་མ།

ཏོག་དབྱིབས་རིམས་ནད་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་ཀྱི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་རྫུན་མ།

གཟའ་འཁོར་ཁ་ཤས་ཀྱི་སྔོན་དུ། ངས་ངྷ་ཤོད་ནས་རླངས་འཁོར་བསྐོར་ཏེ་མེག་ལོར་ལ་འགྲོ་སྐབས།  ལམ་སྐེད་ནས་བོད་པའི་ཨ་མ་རྒས་འཁོགས་ཤིག་རླངས་འཁོར་ནང་བཞག་པ་ཡིན། ངེད་གཉིས་ཁ་བརྡ་བྱེད་སྐབས། མོས་བཤད་རྒྱུར། “ཏོག་དབྱིབས་ནད་དུག་འགོག་བྱེད་ཀྱི་ཁ་རས་གངས་སྐྱིད་ལ་མི་འདུག་པས། མེག་ལོར་ལ་ཉོ་རུ་འགྲོ་གི་ཡོད་”ཟེར། སྐབས་དེར་ངས་རྒྱུ་རྐྱེན་གང་ཞིག་གིས་ཨ་མ་རྒས་འཁོགས་འདི་མེག་ལོར་ལ་ཁ་རས་ཉོ་རུ་འགྲོ་དགོས་པ་བཟོས་པ་ཡིན་ནམ་སྙམ། མོས་མུ་མཐུད་ནས། “མོས་གོ་ཐོས་ལ་མི་ཁ་ཤས་ཤིག་ལ་ནད་དུག་འགོས་འདུག་”ཅེས་བཤད་བྱུང་། འོན་ཀྱང་། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་མིན། གསར་འགྱུར་ངོ་མ་ནི། རྒྱལ་ཁབ་གཞན་པར་སྐོར་བསྐྱོད་བྱས་མྱོང་མཁན་གྱི་ཕྱི་རྒྱལ་གྱི་མི་སྣ་ཁ་ཤས་ཅིག་ཀང་ར་རྫོང་གི་སྨན་བཅོས་ལྟ་སྐྱོང་འགན་འཛིན་གྱིས་འབོད་འགུག་བྱས་ཏེ། ཁོང་ཚོའི་འགྲུལ་བསྐྱོད་ཀྱི་སྐོར་ལ་སྐད་ཆ་དྲིས་པ་རེད། ཡིན་ནའང་། ཨ་མ་རྒས་འཁོགས་དེས་མི་གཞན་པའི་ཁ་ནས། ངྷ་རམ་ས་ལའི་མི་ཁ་ཤས་ཤིག་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་གོ་ཐོས་བྱུང་ཡོད། གནས་ཚུལ་འདིས་ང་ལ་གསར་འགྱུར་རྫུན་མས་རང་རེའི་སྤྱི་ཚོགས་ལ་སྤྲོད་ངེས་པའི་ཤུགས་རྐྱེན་སྐོར་ལ་བསམ་བློ་གཏོང་དགོས་པ་བཟོས་སོང་།

གཟའ་འཁོར་སྔོན་མར། གསར་འགྱུར་ཁག་གཉིས་ཧ་ཅང་དར་ཁྱབ་ཆེན་པོ་ཕྱིན་ཡོད་ལ། གསར་འགྱུར་གསར་ཤོས་དེ་ནི། བོད་མི་འདུས་སྡོད་ཀྱི་འཛམ་གླིང་ས་ཕྱོགས་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པའི། “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇ་ནག་ཁུ་མཆོད་ན། ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་ཞེས་བཀའ་ཕབ་ཡོད་སྐོར་གྱི་”གནས་ཚུལ་རྫུན་མ་དེ་རེད། དཀྲོག་གཏམ་དེའི་དབང་གིས། ༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་གི་ངོས་ནས་གནས་ཚུལ་དེ་བདེན་པ་མིན་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་སྤེལ་དགོས་ཐུག་ཡོད། ཇ་ནག་ཁུ་བཏུངས་ན་ཏོག་དབྱིབས་ནད་དུག་འགོག་ཐུབ་སྙམ་པའི་འདུ་ཤེས་དེས་བདེ་འཇགས་ཀྱི་སེམས་ཚོར་ནོར་བ་བསྐྲུན་ངེས་ལ། དེས་མི་ཚོར་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད། 

འདས་པའི་གཟའ་འཁོར་ཁ་ཤས་ཀྱི་ནང་དུ། མི་ཚང་མའི་སྐད་འཕྲིན་དང་། ངོ་དེབ། WhatsApp བཀོལ་ཆས་སོགས་ཀྱི་ནང་དུ། ཏོག་དབྱིབས་ནད་དུག་དང་། ལྷག་པར། ཁྱབ་ཆེ་བའི་རིམས་ནད་དེ་ལས་རང་ཉིད་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་སྐོར་གྱི་གནས་ཚུལ་ཧ་ཅང་མང་པོ་ཞིག་འབྱོར་ཡོད། གལ་ཏེ། ཁྱེད་ཀྱིས་ཞིབ་ཚགས་པོའི་སྒོ་ནས་བལྟས་ཡོད་ཚེ། མི་ཚོས་བརྒྱུད་སྐུར་བྱེད་བཞིན་པའི་གནས་ཚུལ་མང་དག་ཅིག་རྫུན་མ་ཤ་སྟག་ཡིན། མཚམས་རེར་གནས་ཚུལ་དེ་འདྲར་དམིགས་བསལ་གྱི་གནོད་པ་མེད་རུང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་གཏོང་བའི་ནུས་པ་ཡོད། 

གསར་འགྱུར་རྫུན་མ་གཞན་ཞིག་ནི། ཀ་ན་ར་གསར་འགྱུར་ཅིག་གི་ནང་དུ། བོད་པའི་གྲྭ་བ་ཞིག་གིས་ཁ་རས་བརྒྱབ་པའི་འདྲ་པར་ཞིག་བཀོད་པ་དེ་བཀོལ་སྤྱོད་བྱས་ཏེ། མོན་གྷོལ་གྱི་དགའ་ལྡན་དགོན་པའི་གྲྭ་བ་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་སྐོར་གྱི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བཏང་ཡོད། དོན་ངོ་མའི་གནས་ཚུལ་ནི། བོད་པའི་གྲྭ་བ་ཞིག་གིས་ཁ་རས་བརྒྱབ་ཡོད་པའི་པར་ཞིག་གསར་ཁང་དེས་ཏོག་དབྱིབས་ནད་དུག་སྐོར་གྱི་གསར་འགྱུར་ཅིག་གི་ནང་དུ་བཀོལ་སྤྱོད་བྱས་པ་ཙམ་མ་གཏོགས། དོན་དངོས་ཐོག་གྲྭ་བ་དེར་ནད་དུག་རྩ་བ་ནས་ཕོག་མེད། དགའ་ལྡན་དགོན་པའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་ “དགའ་ལྡན་གྱི་གྲྭ་བ་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་འདུག་ཟེར་བའི་གསར་འགྱུར་དེ་རྫུན་མ་ཡིན་པའི་”འགྲེལ་བརྗོད་གནང་ཡོད་རུང་། གནས་ཚུལ་འདི་འདྲའི་རིགས་ཀྱིས་ང་ཚོའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲད་སྲིད། གང་ཡིན་ཞེ་ན། ད་ཆ་མོན་གྷོལ་འདོད་རྒུ་གླིང་ཟང་ཟིང་ལང་ལོང་དུ་གྱུར་ཡོད་པ་དེ་གསར་འགྱུར་རྫུན་མ་དེས་ཐད་ཀར་ཤུགས་རྐྱེན་སྤྲད་པ་རེད་ཅེས་བརྗོད་དཀའ་མོད། འོན་ཀྱང་། གནས་ཚུལ་དེས་སྤྱི་ཚོགས་འུར་ཟིང་ཅན་དུ་བསྒྱུར་བའི་ཐད་དུ་ཏན་ཏན་ཆ་ཤས་བླངས་ཡོད། ད་ཆ་མོན་གྷོལ་གཞིས་ཆགས་ཡོངས་རྫོགས་ཉེན་རྟོག་པས་སྲུང་ཡོད་ལ། བོད་མི་ཚོ་གཞི་ཆགས་ནས་ས་ཆ་གཞན་པར་འགྲོ་དགོས་ཚེ་ཆོག་མཆན་ཞུ་དགོས་ཀྱི་ཡོད། དེ་མ་ཟད། བོད་མི་ཚོ་ས་ཕྱོགས་གཞན་པ་ནས་མོན་གྷོལ་གཞི་ཆགས་ལ་ཡོང་ནའང་། དང་ཐོག་ཉེན་རྟོག་ལས་ཁུངས་དང་ས་གནས་ཀྱི་སྨན་ཁང་ལ་ཡར་ཞུ་བྱེད་དགོས། རྒྱ་གར་ནང་གི་ས་ཆ་གཞན་པ་ནས་ཡོང་བའི་བོད་མི་ཚོས་ཀྱང་ཁྲིམས་སྒྲིག་གསར་པ་འདི་གཅིག་མཚུངས་ལྟར་བརྩི་སྲུང་བྱེད་དགོས་ཀྱི་ཡོད། དུས་ད་ལྟའི་ཆར་་ཁྲིམས་སྒྲིག་འདི་རྒྱ་གར་ནང་གི་ས་ཆ་གཞན་པ་གང་དུའང་ལག་བསྟར་བྱས་མེད། (༢༠༢༠་ལོའི་ཟླ་༣་ཚེས་༢༠)

ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གསར་འགྱུར་རྫུན་མ་ལ་གདོང་ལེན་བྱེད་རྒྱུ་དེ། བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར། འཛམ་གླིང་ཁྱོན་ཡོངས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། ངས་བསམ་པར། དཀའ་ངལ་དེར་གདོང་ལེན་བྱེད་པར་མི་རེ་རེའི་ཕྲག་གོང་དུ་འགན་འཁྲི་རེ་ཡོད། དེ་ནི། ༼བརྒྱུད་སྐུར་མ་བྱས་གོང་ལ་བསམ་བློ་ཐོངས་༽ཟེར་བའི་མན་ངག་དེ་ཡིད་ལ་འཛིན་རྒྱུ་དེ་རེད། ཁྱེད་རང་གིས་བརྒྱུད་སྐུར་བྱེད་བཞིན་པའི་གནས་ཚུལ་དེ་བདེན་པ་ཡིན་པའི་ཁུངས་སྐྱེལ་བྱས་ཡོད་མེད་དང་། གནས་ཚུལ་དེའི་ཡོངས་ཁུངས་ཀྱི་མིང་གསལ་ཁ་བཏོན་ཡོད་མེད། གསར་འགྱུར་གྱི་ཡོངས་ཁུངས་དག་མ་དང་ཡིད་རྟོན་རུང་བ་ཡིན་མིན་སོགས་ཞིབ་ལྟ་བྱེད་དགོས། བྱེད་ལས་འདིས་གསར་འགྱུར་རྫུན་མ་ཡོངས་རྫོགས་མཐའ་གཅིག་ཏུ་མེད་པར་བཟོ་མི་ཐུབ་རུང་། གནས་ཚུལ་རྫུན་མ་ཁྱབ་བརྡལ་འགྲོ་བའི་ཤུགས་ཚད་ཆུང་དུ་གཏོང་ཐུབ་པར་མ་ཟད། གནས་ཚུལ་རྫུན་མ་བདེན་པར་འཛིན་མཁན་གྱི་མི་དག་ཉེན་ཁའི་ནང་དུ་མ་ལྷུང་བ་བྱེད་ཐུབ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་ཚིགས་སྟེང་གི་ https://tibetaction.net/digitalsecurity/onlinesecurity/?lang=bo#share ཟེར་བར་གཟིགས་རོགས། 

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་བརྒྱུད་དེ། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ད་ཆ་ལས་འཆར་ཞིག་གི་སྒང་དུ་ལས་ཀ་བྱེད་བཞིན་ཡོད། ལས་འཆར་དེའི་ཁྲོད་དུ་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ལ་དོ་དམ་བྱེད་རྒྱུ་ཡིན་ལ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཤེས་བྱའི་གཏེར་མཛོད་དྲ་ཚིགས་ https://learn.tibcert.org/category/disinfo-misinfo/་སུ་གནས་ཚུལ་གསར་པ་ཁ་སྣོན་བྱས་ཏེ། གནས་ཚུལ་རྫུན་མའི་རིགས་བརྒྱུད་སྤེལ་བྱེད་ཀྱིན་ཡོད་ཚེ། བོད་པའི་སྤྱི་ཚོགས་ལ་བརྡ་ལན་སྤྲོད་རྒྱུ་ཡིན། ལས་འཆར་འདི་ནི། འཛམ་གླིང་ནང་གི་གསར་འགྱུར་རྫུན་མ་རིགས་ལ་རྒོལ་འཛིང་བྱེད་སའི་སྡིངས་ཆ་ https://www.snopes.com/་དྲ་བའི་བྱེད་ལས་དང་ཆ་འདྲ་བ་ཡིན། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ལ་རོགས་སྐྱོར་གྱི་ཞབས་ཞུ་སྟེགས་བུ་ཞིག་ཡོད་ལ། སྟེགས་བུ་དེ་བརྒྱུད་ནས་བོད་མི་ཚོས་སོ་སོ་རང་ཉིད་ཀྱིས་ཁུངས་སྐྱེལ་ར་སྤྲོད་བྱེད་འདོད་པའི་གནས་ཚུལ་གང་རུང་ཐད་ཀར་ང་ཚོའི་ཡིག་ཟམ་[email protected] གྱི་སྒང་ལ་གཏང་ཆོག་ལ། དེ་བཞིན། ང་ཚོའི་ངོ་དེབ་ཁ་བྱང་https://www.facebook.com/tibcert གི་སྒང་ལའང་གཏང་ཆོག་པ་མ་ཟད། ཐོའུ་ཐར་གྱི་ནང་དུ་https://twitter.com/tibcert སྒེར་འབྲེལ་ཡང་བྱས་ཆོག   དེ་ལྟར་བྱས་ཚེ། ཞབས་ཞུ་སྟེགས་བུ་དེས་རང་འགུལ་གྱི་ཐོག་ནས་ཁྱེད་ལ་འཛིན་ཞིག་སྤྲོད་ངེས་ལ། ང་ཚོས་འཛིན་གྱི་རིམ་པ་ལྟར་ཁྱེད་ལ་གང་མགྱོགས་ལན་སྟེར་ངེས། ད་ལྟའི་ཆར་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གསར་འགྱུར་འདི་འདྲའི་རིགས་ཀྱི་སྒང་ལ་ལས་ཀ་བྱེད་བཞིན་ཡོད་ལ། མ་འོངས་པར། ང་ཚོས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་དང་མཉམ་དུ་ལས་དོན་སྒྲུབ་ཐུབ་མཁན་དང་།ལས་འཆར་འདིའི་ཆེད་དུ་རོགས་པ་བྱེད་མཁན་རིགས་བསྡུ་སྐོང་བྱས་ཏེ། ནད་དུག་གཅིག་པུ་ཙམ་མ་ཡིན་པར། དེ་ལས་གལ་ཆེ་བའི་གནད་དོན་གཞན་པ་ཁག་གི་ཐོག་ཏུ་དམིགས་ཁ་གཏད་དེ། བོད་མིའི་སྥྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་འགྲོ་བཞིན་པའི་གནས་ཚུལ་ནོར་བ་དང་གསར་འགྱུར་རྫུན་མའི་རིགས་ཁུངས་སྐྱེལ་དང་བཀག་འགོག་བྱེད་པའི་ལས་དོན་བསྒྲུབ་རྒྱུ་ཡིན། 

མཐའ་དོན། BBC་གསར་ཁང་གིས་བཏོན་པའི་གཤམ་གྱི་པར་རིས་ཀྱི་ལས་སྟོན་འདི་ལ་ཉན་འཇོག་བྱེད་རྒྱུ་ནི། ཏོག་དབྱིབས་ནད་དུག་ལ་རྒོལ་འཛིང་བྱེད་པར་ཕན་པའི་གོམ་པ་དང་པོ་དེ་ཡིན། 

ཟིན་བྲིས་སྤེལ་མཁན། སྲི་ཐར་བློ་བཟང་རྒྱ་མཚོ། དྲ་རྒྱའི་བདེ་འཇགས་ཀྱི་ལས་འཆར་འགན་འཛིན།

 

Leave a Reply

Your email address will not be published.

This site uses Akismet to reduce spam. Learn how your comment data is processed.

Top