བསྟན་འཛིན་རྡོ་རྗེ།

ཞིབ་འཇུག་རྒན་པ་དང་འཐབ་ཇུས་པ།

བསྟན་འཛིན་རྡོ་རྗེ་ནི། རྒྱ་གར་རྡ་རམ་ས་ལ་རུ་སྐྱེས་པ་དང་དེ་ག་ནས་འཚར་ལོངས་བྱུང་བ་ཞིག་ཡིན། ཁོང་གིས་སྤྱི་ལོ་ 2014 ནས་བཟུང་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ལས་ཀ་བྱེད་མགོ་ཚུགས་པ་དང་། ད་ལྟ་ཁོ་ལིམ་སྦི་ཡ་གཙུག་ལག་སློབ་གཉེར་ཁང་ COLUMBIA UNIVERSITY གི་རིགས་གཅིག་རྐང་འཛིན་གྱི་འོས་མིར་འདམས་ཐོན་བྱུང་ཡོད་པ་ཞིག་ཡིན། སྤྱི་ལོ་ 2004 ནས་ 2009 བར་བོད་རང་བཙན་སློབ་ཕྲུག་ཚོགས་པར་ལས་ཀ་བྱས་པ་དང་། སྤྱི་ལོ་ 2009 ནས་ 2012 བར་དེའི་འཛིན་སྐྱོང་འགན་འཛིན་གནང་། བསྟན་རྡོར་ལགས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་བོད་དོན་ལས་འགུལ་དང་འབྲེལ་བའི་བོད་དབྱིན་གྱི་གཏམ་བཤད་བྱེད་ཀྱི་ཡོད། སྤྱི་ལོ་ 2007 གྱི་ཕྱི་ཟླ་ 4པའི་ནང་ཇོ་མོ་གླང་མའི་སྒར་སར་ལས་འགུལ་བ་འགས་རྒྱ་ནག་གིས་ཇོ་མོ་གླང་མར་དཔལ་འབར་འཁྱེར་ཡོང་བའི་འཆར་གཞིར་ངོ་རྒོལ་མཚོན་ཆེད་འཕྲེད་དར་འཕྱར་ལས་འགུལ་སྤེལ་མཁན་གྲས་ཀྱི་བོད་པ་གཅིག་པུ་དེ་ཡིན། ལས་འགུལ་དེའི་་སྐོར་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་འཕེལ་བྱུང་ཡོད། བསྟན་རྡོར་ནི་བཙན་བྱོལ་ནང་སྐྱེས་པའི་བོད་རིགས་ཁྲོད་ནས་བོད་ནང་སོང་སྟེ་ལས་འགུལ་སྤེལ་མཁན་དང་པོ་དེ་ཆགས་ཡོད། ཁོང་ནི་ལས་འགུལ་བ་ཡིན་པ་ཙམ་མ་ཟད་གཞས་པ་ཞིག་ཀྱང་ཡིན། བོད་དང་ནུབ་ཕྱོགས་གཉིས་ཀྱི་གཞས་ལ་བྱང་ཆ་དོད་པ་དང་། རྩོམ་པ་པོ་ཞིག་ཀྱང་ཡིན། བསྟན་རྡོར་ལགས་ཀྱིས་་ཁོ་ལིམ་སྦི་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཆབ་སྲིད་ཚན་རིག་ཐོག་འབུམ་རམས་སློབ་གཉེར་བྱེད་མུས་སུ་ཡོད།

Top