འཚེ་མེད་ཞི་བའི་འགྱུར་བ་ཇི་ལྟར་འབྱུང་ངམ། 

མི་ཕལ་ཆེ་བར་མཚོན་ན། འགྱུར་བ་ཇི་ལྟར་འབྱུང་བའི་གོ་རིམ་ནི་ཆབ་སྲིད་ཀྱི་སྒམ་ཆུང་ནག་པོ་དེའི་ནང་དུ་ཡོད་པའི་གསང་བ་ལྐོག་གྱུར་བ་ཞིག་རེད་། དུས་ཚོད་ཕལ་ཆེ་བར། ཆབ་སྲིད་ཀྱི་འགྱུར་བ་ལ་ཤུགས་སྣོན་བྱེད་མཁན་དག་གིས་འགྱུར་བ་ཡོང་བའི་གོ་རིམ་ཁྲོད་དུ་གནད་དོན་གལ་ཆེ་བ་གང་དག་ཡིན་མིན་དང་དེ་དག་གིས་བསྐྱེད་པའི་འབྲས་བུ་ཅི་ཞིག་ཡིན་མིན་སོགས་རྟོགས་ཀྱི་ཡོད་པ་རེད་། ཡིན་ན་ཡང་། འགྱུར་བའི་གོ་རིམ་དང་གྲུབ་འབྲས་གཉིས་ཀྱི་དབར་དུ་སྒམ་ཆུང་ནག་པོ་དེའི་ནང་དུ་ཅི་ཞིག་འབྱུང་གི་ཡོད་དམ། འགྱུར་བ་ཡི་མ་ལག་དག་གིས་ལས་ཀ་ཇི་ལྟར་བྱེད་ཀྱི་ཡོད་དམ།

ཆབ་སྲིད་ཀྱི་འགྱུར་བ་འགྲོ་སྟངས་ཀྱི་རྒྱུད་རིམ་སྐོར་ལ་བསྟན་རྡོར་གྱིས་འགྲེལབརྗོད་བྱེད་པ་འདི་གསན་རོགས།

འཚེ་མེད་ཞི་བའི་ལྟ་གྲུབ་མཁན་པོ་རྗེན་ཞར་ཕུ་ལ་མཚོན་ན། འཚེ་མེད་ཞི་བའི་ཆབ་སྲིད་ཀྱི་འགྱུར་བ་ཞིག་མི་དང་མི་བར་འམ་རྒྱལ་ཁབ་གཉིས་བར་འབྱུང་བ་ལ། འགྱུར་བ་ཡི་མ་ལག་གལ་ཆེན་བཞི་ཡོད་པ་རེད་། མ་ལག་དང་པོ་ནི་བརྗེ་བསྒྱུར་ཟེར་བ་དེ་རེད་། མ་ལག་འདིའི་ཁྲོད་དུ་། ཐག་གཅོད་གནང་མཁན་དེའི་བསམ་བློ་བསྒྱུར་བར་གྲུབ་འབྲས་ལྡན་པའི་སྒོ་ནས་བློ་འགུག་བྱེད་ཐུབ་ཀྱི་ཡོད་པ་རེད།    གལ་སྲིད་ངས་ཁྱོད་ལ་གློ་ནད་ཀྱི་ཉེས་དམིགས་བཤད་ནས་ཁྱེད་ཀྱིས་དུ་བ་འཐེན་མཚམས་བཞག་པ་ཡིན་ན། ངས་ཁྱོད་བརྗེ་བསྒྱུར་བྱས་བ་རེད་། བརྗེ་བསྒྱུར་ཟེར་བ་འདི་གཙོ་བོ་གང་ཟག་སྒེར་བ་གཉིས་ཀྱི་དབར་ལ་འབྱུང་གི་རེད་། འོན་ཀྱང་། རྒྱལ་སྤྱིའི་རྩོད་རྙོག་འདུམ་སྒྲིག་གི་གནད་དོན་ཐོག་སླེབས་ན། མ་ལག་འདིས་ལས་ཀ་རྒྱ་ཆེན་པོ་བྱེད་མི་ཐུབ།

མ་ལག་གཉིས་པ་དེའི་མིང་ལ་མཐུན་འགྱུར་ཟེར། གནས་སྟངས་འདིའི་ཁོངས་སུ། གཉའ་གནོན་བྱེད་མཁན་དེའི་བསམ་བློ་བརྗེ་བོ་རྒྱག་གི་མེད།  འོན་ཀྱང་འཐབ་རྩོད་པ་ཚོས་ལས་འགུལ་སྤེལ་ནས་བཙན་གནོན་བའི་སྟེང་གནོན་ཤུགས་སྤྲུན་ཡོད་ཙང་།  བཙན་གནོན་བས་གནས་སྐབས་སུ་ཞི་འཇགས་ཡོང་ཆེད་འཐབ་རྩོད་པའི་དགོས་འདུན་ཆུང་ངུ་རེ་སྤྲོད་ཀྱི་ཡོད།  འདིའི་སྐབས་སུ་ཕྱོགས་གཉིས་ཀས་ཕན་ཚུན་ལ་བསྟུན་ཤེས་བྱེད་མོད་། དཀའ་ངལ་གྱི་རྩ་བ་དེ་སྔར་བཞིན་གནས་ཡོད་།

མ་ལག་གསུམ་པ་དེའི་མིང་ལ་གནོན་ཤུགས་ཟེར། གནས་སྟངས་འདིའི་འོག་ཏུ། འཐབ་རྩོད་པས་ལས་འགུལ་སྤེལ་བའི་རྐྱེན་གྱིས་བཙན་གནོན་བའི་ནུས་པ་ཉམས་པ་དང་།  བཙན་གནོན་བ་དེས་མགོ་མ་སྒུར་རང་སྒུར་ཆགས་ཀྱི་ཡོད།  འདིའི་དཔེ་མཚོན་ཡག་ཤོས་གཅིག་ནི་ཨ་རིའི་སྤྱི་མང་ཐོབ་ཐང་གི་ལས་འགུལ་ལྟ་བུ་ཡིན། ལས་འགུལ་དེའི་ཁྲོད་དུ་། མི་རིགས་ནག་པོས་མི་རིགས་དཀར་པོའི་དབང་འཛིན་པར་མཉམ་ལས་སྤོང་བའི་ལས་འགུལ་དང་ཐད་གཏོགས་ཀྱི་ལས་འགུལ་སོགས་སྤེལ་ནས། མི་རིགས་དབྱེ་འབྱེད་དང་མཐོང་ཆུང་དེ་མཚམས་འཇོག་བྱེད་དུ་བཅུག་ཡོད་།

མ་ལག་བཞི་པ་དེའི་མིང་ལ་ཁ་གཏོར་ཟེར། གནས་སྟངས་འདིའི་འོག་ཏུ། དབང་བསྒྱུར་བྱེད་མཁན་ཁ་འཐོར་དུ་ཕྱིན་ནས་སོ་སོའི་སྟོབས་ཤུགས་དང་དབང་སྒྱུར་གཉིས་ཀ་བརླགས་འགྲོ་གི་ཡོད་། གཉའ་ནོན་མྱོང་མཁན་གྱི་མི་མང་ལ་སོ་སོ་སྡུག་བསྔལ་ལས་གྲོལ་བའི་གོ་སྐབས་ཐོབ་ཀྱི་ཡོད་པ་མ་ཟད་། སོ་སོའི་རང་དབང་ཚུར་ལེན་ཐུབ་ཀྱི་ཡོད་། འདིའི་དཔེ་མཚོན་ཡག་ཤོས་ནི་ཨུ་རུ་སུའི་དམར་ཕྱོགས་སྲིད་གཞུང་དེ་ཁ་འཐོར་དུ་ཕྱིན་ནས་རྒྱལ་ཁབ་མང་པོ་ཆགས་པ་དེ་རེད་།

འདི་དག་ནི་གཞི་རིམ་གྱི་མ་ལག་བཞི་ཡིན་ཞིང་འདི་དག་ལ་བརྟེན་ནས་འཚེ་མེད་ཞིབ་བའི་འགྱུར་བ་འབྱུང་གི་ཡོད་། བོད་ནང་དུ་འགྱུར་བ་ཇི་ལྟར་ཡོང་མིན་ནི་ཚོད་དཔག་དང་མིག་མཐོང་བྱེད་རྒྱུ་ལས་སླ་བོ་ཡོད་མ་རེད་། མི་མང་པོའི་བསམ་བློར་རྒྱ་ནག་ནི་འགྱུར་བ་མེད་པའི་རྟག་བརྟན་གྱི་རྒྱལ་བོ་ལྟ་བུར་མཐོང་གི་ཡོད་པ་རེད་། ཡིན་ན་ཡང་། གལ་སྲིད་ང་ཚོས་མ་ལག་འདི་ཚོ་རེ་རེ་ལ་ཞིབ་ཏུ་བལྟས་ཚེ། རྒྱ་ནག་ཏུ་འགྱུར་བ་འབྱུང་རྒྱུའི་ལམ་ཁ་སྣ་ཚོགས་པ་དང་རྒྱ་ཆེ་བ་མང་པོ་ཡོད་པ་མཐོང་གི་རེད་། དེ་ནི་ང་ཚོས་ཡིད་ཆེས་བྱེད་རྒྱུ་ལས་ཐུང་བ་ཡོད་པ་རེད་།

བརྗོད་གཞི་འདིའི་སྐོར་ལ་མང་ཙམ་ཀློག་རོགས།   (English) (བོད་ཡིག)

Top