གཅིག་སྡུད་དང་ཁ་གྲམ་གྱི་ལས་འགུལ།

གཅིག་སྡུད་དང་ཁ་གྲམ་གྱི་ལས་འགུལ།

ཞི་བའི་ལས་འགུལ་ལ་དབྱེ་བ་འབྱེད་ཚུལ་མང་པོ་ཡོད་ཅིང་།  དབྱེ་བ་འབྱེད་ཚུལ་གཅིག་ནི།  གཅིག་སྡུད་ཀྱི་ལས་འགུལ་དང་ཁ་གྲམ་གྱི་ལས་འགུལ་གཉིས་ཡིན།  གཅིག་སྡུད་ཀྱི་ལས་འགུལ་ནི།  སྐད་འབོད་དང་།  ཁྲོམས་སྐོར་བཅས་མི་ཚོགས་མང་པོ་ས་གནས་གཅིག་ཏུ་སྡུད་པའི་ལས་འགུལ་དག་ལ་ཟེར།  ཁ་གྲམ་གྱི་ལས་འགུལ་ནི།  ས་གནས་མང་པོའི་ནང་ལས་འགུལ་ཆུང་ཆུང་མང་པོ་དུས་གཅིག་ལ་སྤེལ་བ་དཔེར་ན།  མཉམ་འབྲེལ་སྤོང་བའི་ལས་འགུལ་ལྟ་བུ་ལ་ཟེར།

ང་ཚོ་མང་པོ་གཅིག་གི་སེམས་ནང་།  ལས་འགུལ་ཟེར་དུས་ཡིན་ཅིག་མི་མང་ཕོན་ཆེན་འདུ་འཛོམས་བྱེད་དགོས་རེད་བསམ་གྱི་ཡོད་ས་རེད།  འོན་ཀྱང་བསམ་ཚུལ་དེ་བདེན་པ་མ་རེད།  སྐད་འབོད་དང་ཁྲོམས་སྐོར་དག་དུས་རྟག་ཏུ་ལས་འགུལ་ཐབས་ལམ་ཚང་མའི་ནང་ནས་ཡག་ཤོས་ཨེ་ཡིན།   ཕལ་ཆེར་ཡིན་གྱི་མ་རེད།   གལ་ཏེ་ལས་འགུལ་བ་ཚོ་ས་གནས་གཅིག་ལ་འདུ་འཛོམས་ཆེན་པོ་བྱེད་པ་ལས།  ས་གནས་མང་པོའི་ནང་ཁ་གྲམ་གྱི་ལས་འགུལ་ཆུང་ཆུང་མང་པོ་རྒྱུན་སྲིང་ནས་སྤེལ་བ་ཡིན་ན།  ཁེ་ཕན་གང་དང་གང་ཡོད་དམ།

ཆབས་སྲིད་ཀྱི་འཁོར་ཡུག་ཧ་ཅང་རྩུབ་པའི་རྒྱལ་ཁབ་བོད་ལྟ་བུ་གཅིག་གི་ནང་ལ་ཚོན་ན།  གཅིག་སྡུད་ཀྱི་ལས་འགུལ་ལས་ཁ་གྲམ་གྱི་ལས་འགུལ་སྤེལ་ན་ཁེ་ཕན་མང་བ་ཡོད།  དཔེར་ན།

༡  འཛིན་བཟུང་དང་བཙོན་འཇུག་གི་ཉེན་ཁ་ཆུང་དུ་གཏོང་བ།

༢  ལས་འགུལ་གྱི་རྒྱུན་སྲིང་ཐུབ་པ།

༣  ལས་འགུལ་ནང་མི་མང་བ་མཉམ་ཞུགས་བྱེད་ཐུབ་པ།

བཅས་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་མང་པོ་ཡོད།  དེ་འདྲ་སོང་ཙང་ང་ཚོས་ཁ་གྲམ་གྱི་ལས་འགུལ་རིགས་ལ་དོ་སྣང་མང་ཙམ་བྱེད་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོར་མཐོང་།

Top