མཉམ་ལས་སྤོང་བའི་ལས་འགུལ་གྱི་འབྱུང་རབས།

མཉམ་ལས་སྤོང་བའི་ལས་འགུལ་གྱི་འབྱུང་རབས།

མཉམ་སྦྲེལ་སྤོང་བའི་ལས་འགུལ་ནི་ཞི་བའི་འགོག་རྒོལ་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད་སྟོབས་ཤུགས་ཆེ་ཤོས་ཤིག་ཀྱང་རེད། མཉམ་སྦྲེལ་སྤོང་བའི་ལས་འགུལ་སྤེལ་བར། མི་རྣམས་ས་གནས་གཅིག་ཏུ་་འཛོམས་པའམ་ཡང་ན་ཉེན་ཁ་ཆེ་བའི་བྱ་འགུལ་སྤེལ་མི་དགོས། ལྷག་པར་དུ། མི་རྣམས་ཀྱིས་ཉེན་ཁ་ཆུང་བའི་སྒོ་ནས་ས་གནས་མི་འདྲ་པར་ལས་འགུལ་གྱི་ཆ་ཤས་བླངས་ཆོག་ལ། དེ་ལྟར་བྱས་ན་དེས་ལས་འགུལ་གྱི་སྟོབས་ཤུགས་བསྐྲུན་པ་དང་ལས་འགུལ་གྱི་རྒྱུན་བསྲིངས་ཐུབ་ཀྱི་རེད།

འབྲེལ་ཐག་འདི་ལ་གཟིགས་ནས་མཉམ་སྦྲེལ་སྤོང་བའི་ལས་འགུལ་གྱི་སྐོར་ལ་ཤེས་རྟོགས་བྱེད་རོགས།

མཉམ་སྦྲེལ་སྤོང་བའི་ལས་འགུལ་ཁ་ཤས་ནི་འཛམ་གླིང་ཀུན་ཁྱབ་ལྟ་བུ་རེད། དཔེར་ན། ཕྱི་ལོ་༡༩༥༥ལོར་ཨ་རིའི་ཨ་ལ་རྦ་མ་(Alabama) མངའ་སྡེའི་གྲོང་ཁྱེར་(Montgomery) ལ་བྱུང་བའི་མཉམ་སྦྲེལ་སྤོང་བའི་ལས་འགུལ་ལྟ་བུ། དེ་ཡང་། མི་རིགས་ནག་པོ་སྟོང་ཕྲག་མང་པོས་ཁོང་ཚོ་སྤྱི་སྤྱོད་རླངས་འཁོར་དུ་རང་དབང་སྒོས་བསྡད་ཆོག་པའི་གནས་སྟངས་མ་ཆགས་པར་དུ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ལ་སྡོད་མཚགས་བཞག་པ་རེད། ལས་འགུལ་དེ་ཡི་ཉེར་ལེན་ལ་བརྟེན་ནས། མི་རིགས་ནག་པོ་རྣམས་ཀྱིས་སོ་སོའི་རྐུབ་སྟེགས་མི་རིགས་དཀར་པོ་ལ་སྤྲོད་མི་དགོས་པར་རླངས་འཁོར་ལ་སུ་སྔོན་ལ་སླེབས་ན་དེས་སོ་སོའི་རྐུབ་སྟེགས་འདེམས་ཆོག་པའི་གྲུབ་འབྲས་དེ་བྱུང་བ་རེད།

བོད་ནང་ལ་མཉམ་སྦྲེལ་སྤོང་བའི་ལས་འགུལ་ཧ་ཅང་གྲུབ་འབྲས་ལྡན་པ་ཞིག་བྱུང་བ་རེད། དེ་ཡང་། ཕྱི་ལོ་༢༠༡༡་དང་༢༠༡༢ལོར་ཁམས་ནང་ཆེན་དུ། ས་གནས་བོད་མི་རྣམས་ཀྱིས་རྒྱ་མི་སྔོ་ཚལ་འཚོང་མཁན་ཚོའི་རྩ་ནས་རིན་གོང་སྤར་བའི་སྔོ་ཚལ་ཉོ་མཚམས་བཞག་པ་རེད། དེ་ཡང་། རྒྱ་མི་སྔོ་ཚལ་འཚོང་མཁན་དག་དང་སྔོ་ཚལ་གྱི་རིན་གོང་སྐོར་ལ་གྲོས་བསྡུར་རིམ་པ་བྱས་པར་གྲུབ་འབྲས་མ་བྱུང་ཙང་། ས་གནས་མི་མང་གིས་ཉེན་རྟོག་པར་གནད་དོན་དེ་ཞུ་གཏུགས་བྱས་པ་རེད། འོན་ཀྱང་། ཉེན་རྟོག་པས་ཀྱང་དེ་ལ་ཁ་ཡ་མ་བྱས་པ་རེད། དེར་བརྟེན། ས་གནས་མི་མང་གིས་འདུ་འཛོམས་དང་གྲོས་བསྡུར། འཆར་གཞི་སོགས་བཏང་ནས་མཉམ་སྦྲེལ་སྤོང་བའི་ལས་འགུལ་སྤེལ་འགོ་ཚུགས་པ་རེད། ཁོང་ཚོས་ས་གནས་ཀྱི་བོད་རིགས་ཚོང་པ་འགའ་ལ་རེ་སྐུལ་བྱས་ཤིང་། བོད་རིགས་ཚོང་པ་དེ་དག་གིས་མདོ་སྨད་ཟི་ལིང་ནས་སྔོ་ཚལ་དང་ཟ་འབྲུའི་རིགས་དང་བླངས་སྒོས་སྐྱེལ་འདྲེན་བྱེད་རྒྱུ་ཁས་ལེན་བྱས་པ་རེད།

ཕྱི་ལོ་༢༠༡༡ལོའི་ཟླ་བཞི་པར། ནང་ཆེན་ལ་ཡོད་པའི་བོད་མི་ཕལ་ཆེ་བ་མཉམ་སྦྲེལ་སྤོང་བའི་ལས་འགུལ་དེར་མཉམ་ཞུགས་བྱས་པ་རེད། མཉམ་སྦྲེལ་སྤོང་བའི་ལས་འགུལ་དེར་གྲུབ་འབྲས་མི་དམན་པ་བྱུང་བ་རེད། བོད་མི་སྔོ་ཚལ་འཚོང་མཁན་ཡོང་བ་དང་ལྷན་དུ་སྔོ་ཚལ་གྱི་རིན་གོང་ཚད་མེད་སྤར་མཁན་གྱི་རྒྱ་རིགས་ཚོང་པ་ཁ་ཤས་ས་གནས་དང་ཁ་བྲལ་དགོས་བྱུང་བ་རེད། ནང་ཆེན་གྱི་ཉེ་འཁོར་ན་ཡོད་པའི་ས་གནས་གཞན་གྱི་བོད་མི་རྣམས་ཀྱིས་ཀྱང་ནང་ཆེན་ལ་དཔེ་བླངས་ནས་མཉམ་སྦྲེལ་སྤོང་བའི་ལས་འགུལ་སྤེལ་བ་རེད། ལྷག་པར་དུ། ལས་འགུལ་དེར་ཉེན་ཁ་ཆུང་བར་མ་ཟད། མི་རྣམས་ས་གནས་གཅིག་ལ་ཡང་འཛོམས་མི་དགོས་པར་མི་སྒེར་བ་སོ་སོས་སྤེལ་ཆོག་གི་རེད། དེར་བརྟེན། ཉེན་རྟོག་པས་གནད་དོན་དེར་ཇུས་གཏོགས་བྱས་མེད་པ་མ་ཟད་སུ་གང་ལ་ཡང་རྨས་སྐྱོན་ཕོག་ཡོད་མ་རེད།

ནང་ཆེན་གྱི་མཉམ་སྦྲེལ་སྤོང་བའི་ལས་འགུལ་དེ་གྲུབ་འབྲས་ལྡན་པར་བྱུང་པར་རྒྱུ་རྐྱེན་མང་པོ་ཡོད་པ་རེད། དང་པོ། བཀོད་སྒྲིག་བྱེད་མཁན་རྣམས་ཀྱིས་ལས་འགུལ་གྱི་འཆར་གཞི་བཏང་བ་མ་ཟད་ཁོང་ཚོར་དམིགས་ཡུལ་གསལ་པོ་ཡོད་པ་རེད། གཉིས་པ། ཁོང་ཚོས་སྔོ་ཚལ་ཉོ་སའི་ཐབས་ལམ་གཞན་པ་འདེམས་པ་རེད། གསུམ། ཁོང་ཚོས་མི་མང་ལ་མཉམ་འབྲེལ་སྤོང་བའི་ལས་འགུལ་སྤེལ་བཅུག་པ་རེད། བཞི། ཁོང་ཚོས་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་གྱི་གཞི་རྒྱ་ཆེ་རུ་བཏང་བ་རེད། ལྔ། ཁོང་ཚོས་གནད་དོན་དེ་ནུས་ཤུགས་ཡོད་པའི་སྒོ་ནས་བསླངས་པ་མ་ཟད་དང་ལས་འགུལ་གྱི་ངོ་བོ་དེ་སྔོ་ཚལ་གྱི་རིན་གོང་ཚད་མེད་སྤར་བའི་གནད་དོན་དེ་གའི་སྒང་ནས་བསྡད་པ་རེད།

མཇུག་མཐར། ལས་འགུལ་དེར་དཀའ་ངལ་གཅིག་བྱུང་བ་ནི། མདོ་སྨད་ཟི་ལིང་ནས་ནང་ཆེན་ལ་སྔོ་ཚལ་སྐྱེལ་འདྲེན་བྱེད་མཁན་གྱི་དང་བླངས་ཚོང་པ་རྣམས་ཀྱི་ལས་ཀ་དེ་རྒྱུན་རིང་པོར་གནས་ཐུབ་མེད་པ་མ་ཟད་དང་བླངས་བྱེད་མཁན་རྣམས་ཀྱིས་ག་ལེར་དང་བླངས་གི་ལས་ཀ་མཚམས་བཞག་པ་རེད། དེར་བརྟེན། སྔོ་ཚལ་རིན་གོང་མཐོན་པོར་འཚོང་མཁན་གྱི་རྒྱ་མི་འགའ་ཕྱིར་ནང་ཆེན་ལ་སླེབས་པ་རེད།

གང་ལྟར། མཉམ་འབྲེལ་སྤོང་བའི་ལས་འགུལ་ལ་བྱུང་བའི་ཐོག་མའི་གྲུབ་འབྲས་དེ་ཡིས། བོད་མི་རྣམས་ལ་སོ་སོའི་ས་གནས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་འཇོག་པ་དང་དེ་སྟངས་འཛིན་བྱེད་པའི་ནུས་པ་ཡོད་པ་སྟོན། ལྷག་པར་དུ། མཉམ་འབྲེལ་སྤོང་བའི་ལས་འགུལ་དེར་་ཉེ་འཁོར་གྱི་ས་གནས་ཁག་ནས་ཀྱང་་དོ་སྣང་ཡོང་བ་དེས། འདི་ལྟ་བུའི་ལས་འགུལ་རིགས་རྒྱ་ཇེ་ཆེ་བཏང་ནས་སྤེལ་ན་སྤྱི་ཡོངས་ཀྱི་དཔལ་འབྱོར་ལ་འགྱུར་བ་གཏོང་ཐུབ་པའི་སྟོབས་ཤུགས་ཡོད་པ་གསལ་སྟོན་བྱེད།

Top