ང་ཚོས་སྒྲུབ་བཞིན་པའི་ལས་ཀ

བསྒྲགས་གཏམ།
གསུམ་བཅུའི་དུས་དྲན་ནི་ཕྱི་ལོ་ ༡༩༥༩ ལོར་རང་ཅག་ཤ་ཁྲག་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་རྒྱ་དམར་གྱི་བཙན་གནོན་ལ་ཞི་རྒོལ་སྒེར་ལངས་ཏེ། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཡོད་སྟབས། དེ་རིང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་མཉམ་དུ་འཛོམས་ཏེ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཞུམ་མེད་སྙིང་སྟོབས་ལ་ཆེ་བསྟོད་ཞུ་བའི་ཉིན་མོ་ཞིག་ཆགས་ཡོད།

དུས་དྲན་འདིར་བརྟེན་ནས་ལོ་རྒྱུས་ལ་འཕོ་འགྱུར་གྱིས། བོད་མིའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༧གོང་ས་མཆོག་གི་སྐུ་ཕྱྭ་དང་རང་དབང་ལ་སྲུང་སྐྱོབ་དང་། བོད་གཞུང་དང་བོད་མིའི་རང་དབང་ལས་འགུལ་མཇུག་སྐྱོང་ཐུབ་པར་ཕན་ཐོགས་བྱུང་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོས་བོད་ཞི་བའི་བཅིངས་གྲོལ་ཐོབ་པར་དགའ་བསུ་ཞུ་བཞིན་ཡོད་ཚུལ་གྱི་རྩོད་ལེན་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར། གཉན་འཕྲང་ཅན་གྱི་དུས་དེར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་རྒྱལ་ཡོངས་བོད་རིགས་ལས་ཀྱི་སྣེ་མོ་ཡོད་དོ་ཅོག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་ནག་གིས་བོད་བཙན་བཟུང་ལ་འགོག་རྒོལ་སྒེར་ལངས་བྱས་པས། ལོ་རྒྱུས་ཐོག་ནས་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་དགའ་བསུ་ཞུ་ཡི་མེད་པ་བདེན་དཔང་ར་སྤྲོད་བྱས་ཡོད། བོད་ནང་བྱུང་བཞིན་པའི་འགོག་རྒོལ་ལས་འགུལ་དང་ཞི་རྒོལ་ལ་ཕྱིར་མིག་བལྟས་ཏེ། ཁོ་ཚོས་ད་བར་མུ་མཐུད་ནས་ལས་འགུལ་མཇུག་སྐྱོང་བྱས་ཡོད། ང་ཚོས་གལ་ཆེན་དུས་དྲན་འདི་དྲན་གསོ་ཞུ་བ་དང་སྦྲགས། ལོ་དང་ལོ་བསྟུད་མར་རྔམ་སྟོན་ཁྲོམ་སྐོར་དང་འདུ་འཛོམས་ལས་འགུལ་རིམ་པ་སྤེལ་ཏེ། གསུམ་བཅུའི་དུས་དྲན་གྱི་ལོ་རྒྱུས་ཡང་ནས་ཡང་དུ་རྒྱལ་སྤྱིི་དང་དམིགས་བསལ་ང་ཚོའི་བུ་ཕྲུག་དང་ཚ་བོ་ཚ་མོ་དག་ལ་བཤད་དེ། མཉམ་དུ་ང་ཚོས་བོད་མིའི་རང་དབང་འཐབ་རྩོད་ཀྱི་མེ་ལྕེ་སྦོར་དགོས། དུས་ཚོད་གཉན་འཕྲང་དང་ཛ་དྲག་ཅན་ཅི་འདྲ་ཡིན་རུང་། ང་ཚོས་ནམ་ཡང་བློས་གཏོང་བྱ་རྒྱུ་མིན། འདས་པར་དྲན་གསོ་དང་ད་ལྟ་བྱ་སྤྱོད་སྤེལ་ཏེ། ང་ཚོས་ཕྱིས་འབྱུང་ལ་སྲུང་སྐྱོབ་བྱེད་དགོས། དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་ལ། བོད་ཕྱི་ནང་གི་མི་རབས་གསར་པ་དག་གིས་ཤེས་ཡོན་གྱི་གོ་ཆ་སྤྲས་ནས་འཐབ་རྩོད་ཀྱི་འགན་ཁུར་བླང་སྟེ། རང་ཉིད་ཀྱི་ཕ་མེས་ཡང་མེས་ཚོའི་ཞི་རྒོལ་ལས་འགུལ་མཇུག་སྣོན་དང་ང་ཚོས་ཁོ་ཚོས་བོད་མིའི་འཐབ་རྩོད་ཆེད་ལེགས་སྐྱེས་འཕུལ་བ་དག་ལ་མཇུག་འབྲས་ཁྱད་པར་བ་ཐོན་པ་ཞིག་བྱེད་དགོས། གསུམ་བཅུའི་དུས་དྲན་འདི་ནི་ལོ་ངོ་ ༦༢ ཡར་སྔོན་ན་བོད་མི་ཚོས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་སྟེང་ཐོན་ཏེ། རྒྱ་ནག་བོད་ནས་ཕྱིར་ལོག་ཅེས་དགོས་འདུན་སྟོན་པའི་ཉིན་མོ་ཞིག་ཡིན་སྟབས། རྒྱ་ནག་གཞུང་དང་རྒྱལ་སྤྱིས་ནོར་འཁྲུལ་བསྐྱར་དུ་མ་བཟོ་རོགས། ང་ཚོས་བོད་ལ་རང་དབང་མ་འཐོབ་བར་དུ་བློས་གཏོང་ནམ་ཡང་བྱེད་ཀྱི་མིན་ཞེས་ཞུ་རྒྱུ་ཡིན།

༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག ད་ལྟ། རྒྱུགས་ཤིག

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན།

ང་ཚོའི་ལོ་རྒྱུས།

སྤྱི་ལོ་ 2008 ལོའི་པེ་ཅིང་ཨོ་ལོན་པིག་རྒྱལ་སྤྱིའི་འགྲན་ཚོགས་མ་ཚུགས་སྔོན་ཏེ། ཚང་མས་རྒྱ་ནག་ལ་དོ་སྣང་བྱེད་བཞིན་པའི་སྐབས་སུ། བོད་ནང་གི་བོད་རིགས་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་ལ་འཛམ་གླིང་གང་ས་ནས་གདུང་སེམས་མཉམ་སྐྱེད་བྱས་ཡོད།  དམིགས་བསལ་གྱི་སྣེ་ཁྲིད་དང་བཀོད་སྒྲིག་བྱེད་མཁན་མེད་པའི་བོད་ས་ཡོངས་ཀྱི་ངོ་རྒོལ་ལས་འགུལ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་གི་ལེའུ་གསར་པ་ཞིག་ཆགས་ཡོད། དེ་ནས་རྩིས་པའི་ལོ་གཉིས་པར་གསར་འཛུགས་བྱས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་འཛམ་གླིང་ས་གནས་གཞན་ནས་རྒྱལ་ཁ་ཐོབ་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་འཐབ་རྩོད་ལས་འགུལ་རྣམས་ཀྱི་ལེགས་ཆ་ལེན་པ་རྨང་གཞི་ལ་བཞག་སྟེ། བོད་དོན་ལས་འགུལ་བ་རྣམས་ལ་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་སྟངས་ཀྱི་ཟབ་སྦྱོང་སྤྲོད་པ་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་རྣམས་ལ་བདེ་འཇགས་ངང་བརྡ་འཕྲིོན་བཀོལ་སྤྱོད་བྱེད་པའི་ལག་རྩལ་དང་རྒྱ་ནག་གིས་དྲ་རྒྱ་བརྒྱུད་ནས་གནས་ཚུལ་བརྐུ་འཁྱེར་བྱེད་པ་འགོག་རྒོལ་དང་སྲུང་སྐྱོབ་བྱེད་སྟངས་སྐོར་སྦྱོང་བརྡར་སྤྲོད་ཀྱི་ཡོད།

ང་ཚོའི་སྒྲུབ་བྱ།

བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བརྡ་འཕྲིན་སྟོབས་ཤུགས་དང་འཚེ་མེད་ཞི་བའི་ཐབས་བྱུས་ཟུང་འབྲེལ་བྱས་ཏེ། བོད་ཀྱི་རང་དབང་ལས་འགུལ་ལ་སྐུལ་འདེད་བྱེད་ཀྱི་ཡོད། ང་ཚོས་ཆེད་ལས་མཁས་པ་དང་། ལས་འགུལ་བ། སྒྱུ་རྩལ་བ་བཅས་བསྡུ་སྐོང་བྱས་ནས་ཐུན་མོང་གི་ངོས་ནས་ཕུགས་རྒྱང་རིང་བའི་དམིགས་འདུན་ལ་སྙེག་པའི་འཐབ་བྱུས་གསར་བཏོད་དང་སྦྱོང་བརྡར་སྤྲོད་པ། སློབ་གསོ། ལག་རྩལ་བཅས་ཀྱི་ཐབས་ལམ་གཏན་འབེབས་དང་ལག་བསྟར་བྱས་ཏེ། བོད་པར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མངོན་འགྱུར་ཡོང་བ་བྱེད་པའི་ཐབས་ལམ་དང་གོ་རྟོགས་སྤེལ་བའི་མཐུན་འགྱུར་སྒྲུབ་ཀྱི་ཡོད།

ང་ཚོའི་འཐབ་བྱུས།

ས་གནས་གང་སར་གནས་སྡོད་བོད་མི་རྣམས་ལ་འཚེ་མེད་ཞི་བའི་འཐབ་རྩོད་དང་ཐབས་བྱུས་ཀྱི་ཤེས་ཡོན་སྦྱོང་བརྡར་སྤྲོད་པ་དང་། བདེ་འཇགས་ངང་བརྡ་འཕྲིན་བཀོལ་སྤྱོད་བྱེད་པའི་ལག་རྩལ་དང་བྱེད་ཐབས་གསར་པ་ཁོང་དུ་ཆུད་པ་བྱས་ཏེ། ཁྱོན་ཡོངས་ནས་བོད་མིའི་རང་དབང་ལས་འགུལ་རྒྱ་སྐྱེད་དང་འགྱུར་བ་བཟང་པོ་འགྲོ་ཐུབ་པའི་ལས་འགུལ་གསར་པ་འཆར་འགོད་དང་བཀོད་སྒྲིག་བྱེད་ཀྱི་ཡོད།

Top