གད་མོ་ཤོར་ཡག་ཅིའང་མི་འདུག། འགོག་རྒོལ་དང་དགོད་བྲོ།

བོད་མི་རྣམས་ལ་ཡོད་པའི་དགོད་བྲོའི་ཚོར་བ་ནི་རྣོ་བོ་མིན་པར་རྟུལ་བོ་ཞིག་དང་། གཏིང་ཟབ་པོ་མིན་པར་རྒྱ་ཆེ་བ་ཙམ་རེད། ང་ཚོའི་དགོད་བྲོའི་ཁོངས་སུ་སྤྱིར་བཏང་ནས་གཞན་གྱི་བྱུས་ཉེས་རིགས་ལ་གད་མོ་ཤོར་བའི་རིགས་སམ (བསོད་ནམས་ཀྱིས་ངང་ལག་ཀྱི་པགས་པའི་སྒང་ལ་རྐང་པ་སྤོས་ནས་རྐུབ་བརྡབ་པ་རེད། ཧ་ཧ་ཧ་་་) ཡང་ན་མཚར་གཏམ་ཧ་ཅང་ཁྱད་མཚར་གྱི་རིགས་ལ་གད་མོ་ཤོར་བ་ལྟ་བུ་འདུས་ཡོད།

ང་རང་ནི་ང་ཚོའི་དགོད་བྲོ་དག་ནི་དབྱིན་ཇིའི་དགོད་བྲོ་ནང་བཞིན་སྐྱེན་པོ་དང་འཇུའི་ཞིས་དགོད་བྲོ་ནང་བཞིན་གཏིང་ཟབ་པོ་ཡོད་མ་རེད་ཞེས་ཁས་ལེན་བྱེད་མཁན་དང་པོ་དེ་ཡིན། ཡིན་ན་ཡང་། དེ་ནི་ཨ་རིའི་དེང་རབས་ཀྱི་དགོད་བྲོ་ནང་བཞིན་རྗེན་པ་དང་རྒྱ་ནག་ནང་བཞིན་དགོད་བྲོ་མེད་པ་དེ་འདྲ་མ་རེད། (ཁྱོད་ཀྱིས་རྒྱ་མི་གཉིས་གད་མོ་མཚམས་མེད་དུ་ཤོར་བ་དེ་འདྲ་མཐོང་མྱོང་ཡོད་དམ།) གང་ལྟར་གལ་ཆེ་བ་ཞིག་ལ། སྤུས་ཀ་ལ་མ་ལྟོས་པར་བོད་ཀྱི་དགོད་བྲོའི་ཚོར་བ་ནི་རྟག་ཏུ་ཧ་ཅང་འབེལ་པོ་རེད། ལྷག་པར་དུ་། དེ་མི་ཚེའི་གོ་རིམ་ཚང་མར་ཁྱབ་ཡོད་པ་རེད།

བོད་ཀྱི་འཐབ་རྩོད་ཐོག་སླེབས་དུས་ང་ཚོས་དགོད་བྲོ་དང་ཆོབ་བེད་སྤྱོད་བྱེད་ཀྱི་ཡོད་དམ།

ག་རེའི་སྒང་ལ་གད་མོ་ཤོར་དགོས་རེད་དམ། ང་ཚོ་བློས་གཏོང་དང་དུས་ཚོད་ཀྱི་མེ་ལྕེའི་འོག་ཏུ་གནས་བའི་དེ་རིང་སང་ཉིན། ང་ཚོ་གད་མོ་ཇི་ལྟར་ཤོར་ཐུབ་གི་རེད་དམ། འདི་དག་ཁྱོད་ཀྱི་བསམ་བཞིན་པ་ངས་རྟོགས་ཐུབ།
ཁྱོད་ཀྱིས་བསམ་སྲིདཿ  གད་མོ་ཤོར་ས་གང་ཡང་མེད་པ།  ད་ལྟ་དུས་ཚོད་ཛ་དྲག་ཅན་འདི་འདྲའི་སྐབས་ང་ཚོ་གད་མོ་ཤོར་སའི་གནད་དོན་ཅི་ཡང་ཡོད་དམ།
བསམ་བློ་བསྐྱར་དུ་ཐོངས་དང་། དགོད་བྲོ་དང་ཟུར་ཟ་ཟེར་དུས་གད་མོ་དགོད་རྒྱུ་གཅིག་པོ་མ་རེད།   དགོད་བྲོ་ནི་རྣམ་འགྱུར་ཞིག་ཡིན་ཞིང་། དེ་ནི་ཐབས་ལམ་གསར་བ་བརྒྱུད་ནས་བདེན་པ་སྟོན་བྱེད་ཀྱི་ལག་ཆ་ཡིན་པ་མ་ཟད་དེ་ཡིས་བྱ་སྤྱོད་གཅིག་བརྒྱུད་ནས་དྲང་བདེན་མ་ཡིན་པ་དེ་དམར་རྗེན་ཏུ་སྟོན་ཐུབ། ད་དུང་། དགོད་བྲོའི་ནུས་པ་ནི་དེའི་འཚུབ་ཆ་ཅན་གྱི་རང་བཞིན་དེ་ནས་འབྱུང་བ་ཡིན།  དགོད་བྲོ་སློང་མཁན་གྱིས་གཉའ་གནོན་བྱེད་མཁན་གྱི་སྐོར་ལ་དགོད་བྲོ་སློང་ནས་ཁོང་གཏོར་བཤིག་བྱེད་ཅིང་མི་མང་དཀྱུས་མ་རྣམས་ཀྱི་ཞེད་སྣང་དེ་བརླགས་བཅུག་པ་དང་།  ལས་འགུལ་སྤེལ་བའི་སྤོབས་པ་བརྙེད་བཅུག་གི་ཡོད།  མ་ཟད།  དཀའ་སྡུག་གི་ལོ་རྒྱུས་རིང་པོ་རྣམས་བཤད་དགོས་བྱུང་ན་ཤོག་ལྷེ་མང་པོ་དང་ཆུ་ཚོད་མང་པོ་འགོར་བ་གང་ཞིག་ལ་དགོད་བྲོ་བེད་སྤྱོད་བྱེད་ན་སྣང་བརྙན་ཁམས་གཙང་ཞིག་གི་བརྒྱུད་སྟོན་ཐུབ།

ལས་འགུལ་ཁ་ཤས་ཀྱིས་ཐབས་ཇུས་ལྡན་པའི་ངང་ནས་དགོད་བྲོ་དེ་ཁོང་ཚོའི་ལས་འཆར་གྱི་ཁོངས་སུ་བེད་སྤྱོད་བཏང་ཡོད།  དཔེར་ན། མི་ལོ་སི་བིཆ་(Milosevic)ཡི་དབང་ཆ་གཅིག་སྡུད་ལ་ངོ་རྒོལ་བྱེད་པའི་སར་རྦི་ཡ་ནང་གི་(Serbian)ལས་འགུལ་ཁྲོད་དུ་། ཨོ་ཁྲི་ཕོར་(Otpor)ཟེར་བའི་སློབ་ཕྲུག་ཚོགས་པ་དེས་དགོད་བྲོའི་སྟོབས་ཤུགས་བེད་སྤྱོད་རྒྱ་ཆེར་བཏང་ཡོད། ཡར་ལངས་དེའི་ཁྲོད་ཀྱི་འགོ་འཁྲིད་གཅིག་ནི་ཨེ་བན། མ་རོ་བིཆ་(Ivan Marovic)ཡིན་ཞིང་།  ཁོང་གིས་དབང་འཛིན་པ་མི་ལོ་སེ་བིཆ་སྟོབས་ཤུགས་ཆེ་བའི་སྐབས་སུ།  མི་ལོ་སི་བིཆ་ལ་བརྙས་བརྐོ་བའི་བསམ་ཚུལ་མང་པོ་འཁྱེར་ཡོང་བ་རེད། ལྷག་པར་དུ་། ཁོང་ཚོའི་དགོད་བྲོ་དང་རོལ་རྩེད་། སྲང་ལམ་འཁྲབ་སྟོན་བཅས་ཀྱིས་ནུས་ཤུགས་ཆེན་པོ་ཐོན་ཡོད་པ་མ་ཟད་མི་མང་དཀྱུས་མ་རྣམས་ཀྱིས་དབང་འཛིན་པར་བཟུང་བའི་ཞེད་སྣང་དེ་མར་བཅགས་པ་རེད། དེར་བརྟེན། མི་མང་པོ་འགོག་རྒོལ་ལས་འགུལ་ལ་འཛུལ་ཞུགས་བྱེད་ཐུབ་ཡོད།

 ཁོང་ཚོའི་བརྙན་ཐུང་(Barrel of Laughs)ཟེར་བ་འདི་ལ་གཟིགས་རོགས།


ལོ་འགའ་ཤས་ཀྱི་གོང་དུ་ངས་གཏམ་རྒྱུད་ཁྱད་མཚར་བོ་ཞིག་གོ་བྱུང་།
དེ་ནི་བོད་ནང་གི་གྲོང་གསེབ་ཞིག་ཏུ་ར་མ་ཞིག་གིས་སྐེ་ལ་བྱང་བུ་ཞིག་བཏགས་ནས་སྲང་ལམ་དུ་སྐད་རྒྱག་བཞིན་འདུག་ཟེར་བ་དེ་རེད། བྱང་བུའི་སྒང་དུ་བོད་རང་བཙན་ཞེས་བྲིས་འདུག་ཟེར།
རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་པས་ར་དེ་མ་བཟུང་སྔོན་ལ་གྲོང་གསེབ་ཏུ་སྐོར་བ་བརྒྱབ་ནས་རྗེས་འདེད་གཏོང་དགོས་བྱུང་འདུག  ལྷག་པར་དུ། བོད་མི་རྣམས་ཀྱིས་ཁོང་ཚོའི་བྱེད་སྟངས་དེར་གད་མོ་བགད་འདུག ཉེན་རྟོག་པ་ཚོ་བྱད་ཐབ་མེད་པར་གྱུར་འདུག  གལ་སྲིད་དབང་འཛིན་པས་ར་མ་དེ་སྣང་མེད་བཏང་བ་ཡིན་ན། ཁོང་ཚོས་བོད་རང་བཙན་གྱི་འབོད་སྒྲ་དེ་མ་བཀག་པ་དང་གཅིག་མཚུངས་རེད། གལ་སྲིད་ཁོང་ཚོས་ཅིག་བྱས་བ་ཡིན་ན། ཁོང་ཚོ་ནི་སེམས་ཅན་འཛིན་བཟུང་བྱེད་མཁན་གྱི་གླེན་པ་ཁྱུ་གཅིག་རེད། གང་ལྟར། དེ་ནི་ཁོང་ཚོ་ཤོར་རྒྱུ་ཉག་གཅིག་གི་གནས་སྟངས་ཤིག་རེད།

འདི་ཟེར་དུས་ང་ཚོས་རྒྱ་མི་རྣམས་བོད་ནས་གད་མོ་བགད་ནས་ཕྱིར་འབུད་བྱེད་ཐུབ་ཀྱི་རེད་ཅེས་ལབ་ཀྱི་མེད།  གང་ལྟར།  དགོད་སྒྲ་དང་ཟུར་ཟ་ནི་ཚེ་མེད་ཞི་བའི་ལས་འགུལ་ཁྲོད་དུ་ནུས་ཤུགས་ཅན་གྱི་ལག་ཆ་ཞིག་ཡིན་ལ།  ང་ཚོས་ལག་ཆ་དེ་རིགས་ཀྱི་སྟོབས་ཤུགས་ལ་སྣང་མེད་ཁྱོན་ནས་བྱེད་མི་ཉན།

འཇོར་རྗི་ཨོར་ལྦེལ་(George Orwell)གྱིས་འབར་མ་རུ་དབྱིན་ཇིའི་མི་སེར་རིང་ལུགས་ཀྱི་ལས་ཀ་བྱེད་པའི་སྐབས་སུ། ཁོང་གིས་རྩོམ་ཡིག་གླང་ཆེན་གསོད་པ་(Shooting An Elephant)ཟེར་བ་ཞིག་བྲིས་འདུག  རྩོམ་ཡིག་དེའི་ནང་ཁོང་གིས་བརྗོད་དོན།  ནང་པའི་དགེ་འདུན་པ་དག་ནི་སྡུག་ཤོས་རེད། གྲོང་ནང་དུ་ཁོང་ཚོ་སྟོང་ཕྲག་འགའ་ཡོད་ཅིང་། ཁོང་ཚོ་སྲང་ལམ་གྱི་ཟུར་དུ་ལངས་ནས་ཡོ་རོབ་པར་འཕྱ་དགོད་བྱེད་པ་མ་གཏོགས་ཅི་ཡང་བྱེད་རྒྱུ་མེད་པ་ལྟ་བུ་བྱས་ནས་འདུག་གི་རེད། ད་དུང་ཁོང་གིས་ཇི་ལྟར་གླང་ཆེན་དེ་བསད་པའི་སྐོར་གླེང་དོན། མི་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཐོབ་པའི་སྐུ་ངོ་ཞིག་ནང་བཞིན་གྱི་ཚོད་དཔག་བྱས་པའི་ཆེད་དུ་རེད་ཟེར། ད་དུང་ཁོང་གིས། “མི་ཚོགས་ངའི་སྟེང་ལ་གད་མོ་ཤོར་སྲིད། ཤར་ཕྱོགས་སུ་ངའི་མི་ཚེ་ཧྲིལ་བོ་དང་མི་དཀར་པོའི་རིགས་ཀྱི་མི་ཚེ་ཧྲིལ་བོར། གཞན་གྱིས་ཁྲེལ་དགོད་མ་བྱེད་པ་བྱེད་རྒྱུ་ནི་འཐབ་རྩོད་རིང་པོ་ཞིག་རེད་”ཞེས་གསུངས་ཡོད།

Top