Original Article with audio in Tibetan language: https://www.rfa.org/tibetan/sargyur/schools-tibet-12082021125905.html ཨ་རིའི་ནང་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ལ་དམིགས་ནས་བོད་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་མང་པོ་འཛུགས་བཞིན་པའི་ལས་གཞི་རྒྱ་ཆེ་རུ་གཏོང་བཞིན་པའི་ཉམས་ཞིབ་སྙན་ཐོ་བཏོན་ཡོད་པ་དང་། འདི་ཚེས་༧་ཉིན་དྲ་ལམ་བརྒྱུད་དེ་འབྲེལ་གྱི་གསར་འགོད་ལྷན་ཚོགས་སྐོང་སྐབས། ཤོག་གྲངས་༥༩་ཡོད་པའི་ཉམས་ཞིན་སྙན་ཐོ་དེའི་ནང་། བོད་ནང་གི་ཤེས་ཡོན་ལམ་ལུགས་འོག་གི་སློབ་གྲྭ་ཕལ་ཆེ་བ་བཅའ་སྡོད་སློབ་གྲྭ་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྲ་ན། བོད་ནང་གི་སློབ་ཕྲུག་ལོ་༦་ནས་༡༨་བར་གྱི་སློབ་ཕྲུག་བརྒྱ་ཆ་༧༨་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་བཞིན་པ། ཕ་མ་ཚོར་གདམ་ཀ་གཞན་མེད་སྟབས་ཕྲུག་གུ་བཅའ་སྡོད་སློབ་གྲྭར་མི་གཏོང་ཐབས་མེད་གྱུར་ཡོད་པ། བོད་ནང་བཙན་གནོན་གྱི་ཁོར་ཡུག་འོག་ཞུ་གཏུག་བྱེད་ས་མེད་པ། ཕ་མ་ཁ་ཤས་ལ་གནོན་ཤུགས་དང་འཇིགས་སྐུལ་བྱས་ནས་ཕྲུག་གུ་མི་འདོད་བཞིན་དུ་བཅའ་སྡོད་སློབ་གྲྭར་གཏོང་འཇུག་གི་ཡོད་པ། བཅའ་སྡོད་སློབ་གྲྭ་བཟོས་ཐོག་སློབ་ཁྲིད་ཚང་མ་རྒྱ་སྐད་རྒྱ་ཡིག་ནང་བྱེད་བཞིན་པ། སློབ་ཕྲུག་ཚོ་སོ་སོའི་ཕ་མ་དང་སྤྱི་ཚོགས་ནས་རྒྱང་རིང་དུ་སྡོད་དགོས་ཀྱི་ཡོད་སྟབས་རང་གི་ཆོས་དང་རིག་གཞུང་སོགས་ཉམས་ལེན་མི་ཐུབ་པ། སློབ་ཕྲུག་ཚོར་རྒྱལ་ཞེན་དང་ཆབ་སྲིད་ཀྱི་སློབ་གསོ་སྤྲད་ནས་བསམ་བློ་བསྒྱུར་བཀོད་བྱེད་པ། དེ་བས་བོད་རིགས་སློབ་ཕྲུག་རྣམས་ཀྱིས་མི་རིགས་རང་གི་ཕ་སྐད་བརྗེད་ཅིང་མི་རིགས་ཀྱི་རིག་གཞུང་དང་རྒྱང་ཐག་ཇེ་རིང་དུ་འགྲོ་ཉེན་ཡོད་པ་སོགས་བཀོད་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་དེ་ཚོ་བོད་རིགས་དང་གྲངས་ཉུང་མི་རིགས་ཁག་ལ་དམིགས་ཡོད་པ་དང་། དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་བཙུགས་པ་དེས། རྒྱ་ནག་གཞུང་གིས་ཁས་ལེན་བྱས་བའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་མང་པོར་རྡོག་རོལ་བཏང་ཡོད་པ་མ་ཟད། རྒྱ་ནག་རང་གི་ཁྲིམས་ལུགས་དང་འགལ་ཡོད་པ་སོགས་བཀོད་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཕོན་ཆེ་འཛུགས་བྱེད་བཞིན་པའི་ལས་གཞི་རྒྱ་ཆེར་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གང་ཡང་མི་ཤེས་པའི་མི་རབས་ཤིག་བསྐྲུན་ཐབས་བྱེད་མུས་ཡིན་པ་གསལ་བཏོན་བྱས་འདུག སྐབས་དེར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས་གསུངས་ན། འདས་བའི་ལོ་ངོ་བཅུ་ལྷག་གི་རིང་། རྒྱ་ནག་གཞུང་གིས་བོད་ནང་གི་གྲོང་གསེབ་ཁག་གི་སློབ་གྲྭ་མེད་པར་བཟོས་ནས། དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་བཙུགས་པ་དང་། དེ་བཞིན་དགོན་སྡེ་ཁག་གི་སློབ་གྲྭ་དང་སྒེར་གཉེར་སློབ་གྲྭ་སོགས་ཀྱང་རིམ་པས་སྒོ་རྒྱབ་བཅུག་པ་སོགས་ཀྱི་གནས་སྟངས་འོག་ཕྲུ་གུ་རྣམས་བཅའ་སྡོད་སློབ་གྲྭ་མི་གཏོང་ཐབས་མེད་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།གཞན་སྙན་ཐོ་དེའི་ནང་གི་ཉམས་ཞིབ་པ་གཙོ་གྲས་དང་དེ་སྔ་བཅའ་སྡོད་སློབ་གྲྭར་བསྐྱོད་མྱོང་མཁན་ད་ལྟ་ཨ་རིར་ཡོད་པའི་སྒྲོལ་མ་སྐྱབས་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་གསུང་ན། སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་པ་དེ་ལོ་རབས་༦༠་ནང་ནས་འགོ་བཙུགས་ཡོད་པ་དང་། སློབ་གྲྭ་དེ་དག་ནང་གི་གནས་སྟངས་ཤིན་ཏུ་ཞན་པོ་ཡོད་པར་མ་ཟད། སློབ་ཕྲུག་ཚོར་ཉེས་རྡུང་གཏོང་བ་དང་། བཙན་གཡེམ། དབྱེ་འབྱེད་སོགས་བྱེད་བཞིན་པའི་ཐོག ཆབ་སྲིད་རང་བཞིན་ཀྱི་སློབ་གསོ་སྤྲད་པ་བཅས་ཀྱི་གནས་སྟངས་ཛ་དྲག་ཡོད་པ་གསུང་སོང་།སྙན་ཐོ་དེའི་མཇུག་ཏུ། རྒྱ་ནག་གི་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ལས་གཞི་རྒྱ་ཆེར་གཏོང་བ་ནི། བོད་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་བཟོ་རྒྱུ་དེ་ཡིན་པ་ཐེར་འདོན་གནང་བ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ངེས་པར་དུ་བར་འདུམ་གནང་སྟེ་རྒྱ་གཞུང་ལ་བཅའ་སྡོད་སློབ་གྲྭའི་ལས་གཞི་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་དང་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་ལ་བོད་རིགས་བྱིས་པ་རྣམས་ཕ་མ་དང་ཁ་བྲལ་མི་དགོས་པའི་ཐོག་བོད་ཀྱི་སྐད་ཡིག་ཤེས་ཡོན་རང་དབང་ཐོག་སློབ་སྦྱོང་སྤྲོད་དགོས་པའི་རེ་སྐུལ་གནང་འདུག གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།དྲ་ཐོག་སྤེལ་མཁན། ཀླུ་འབུམ།
December 8, 2021January 21, 2022
Post