བོད་དོན་ལས་འགུལ་ཁང་ལ་མང་གཙོའི་གཟེངས་རྟགས་འཐོབ།

བོད་དོན་ལས་འགུལ་ཁང་ལ་མང་གཙོའི་གཟེངས་རྟགས་འཐོབ།

ཨ་རིའི་རྒྱལ་སར་རྟེན་གཞི་བྱས་བའི་རྒྱལ་ནང་མང་གཙོ་ཡར་སྐུལ་ཚོགས་པས་་(NED) སྤྱི་ལོ་ ༢༠༡༩ ལོའི་མང་གཙོའི་གཟེངས་རྟགས་ཀྱི་ཁོངས་སུ་བོད་དོན་ལས་འགུལ་བསྟི་གནས་ཁང་ཡང་འདེམས། གཟེངས་རྟགས་འདི་ནི། རྒྱ་ནག་གི་གནམ་སྡེ་སྒོ་མོ་ཆེའི་མདུན་གྱི་མང་གཙོའི་དོན་རྐྱེན་བྱུང་ནས་ལོ་ངོ་སུམ་ཅུ་འཁོར་བའི་རྗེས་དྲན་གྱི་སླད་དུ། བོད་དོན་ལས་འགུལ་བསྟི་གནས་ཁང་དང་རྒྱལ་སྤྱིའི་ཡུ་གར་རོགས་ཚོགས། རྒྱ་ནག་རོགས་ཚོགས་བཅས་ལ་སྤྱི་ཟླ་དྲུག་པའི་ཚེས་བཞི་ཉིན་གནང་།

བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་གྱིས་གསུངས་དོན། ང་ཚོས་ལོ་ངོ་སུམ་ཅུའི་གོང་གི་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་དུ་མང་གཙོ་དང་རང་དབང་གི་ཆེད་དུ་ཚེ་སྲོག་བློས་གཏོང་གནང་མཁན་གྱི་མང་གཙོ་དོན་གཉེར་ཅན་དེ་ཚོར་རྗེས་དྲན་ཞུ་བ་དང་ཆབས་ཅིག ང་དང་ངའི་ལས་རོགས་ཚང་མས་ཡུ་གུར་བའི་ཚོགས་པ་དང་རྒྱ་ནག་རོགས་ཚོགས་བཅས་དང་ལྷན་དུ་དཔུང་པ་མཉམ་གཤིབ་སྒོ་ནས་བོད་དང་རྒྱ་ནག ཤར་ཀུ་སི་ཏན་བཅས་སུ་གནས་བའི་སྲིད་གཞུང་གི་གཉའ་གནོན་ལ་ཁ་གཏད་གཅོད་པར་མཉམ་ལས་བྱེད་པ་ནི་དགའ་འོས་བ་ཞིག་རེད།

ཁོ་མོས་མུ་མཐུད་དུ་གསུངས་དོན། ལོ་ངོ་མང་པོའི་རིང་ལ་རང་དབང་ཅན་གྱི་རྒྱལ་ཁབ་མང་པོས་བོད་དང་ཡུ་གུར་བ་སོགས་ཀྱི་ཐོབ་ཐང་སྣང་མེད་ལ་བཞག་རུང་། བྱེད་སྟངས་དེས་རྒྱ་ནག་གཞུང་དང་ལྷན་དུ་ལས་ཀ་བྱེད་མི་ཐུབ་པ་ཇེ་གསལ་ལ་སོང་བ་མ་ཟད་བསམ་ཕྱོགས་གཅིག་པའི་རྒྱལ་ཁབ་རྣམས་རྡོག་གཅིག་ལ་སྒྲིལ་ནས་བོད་མི་གཙོས་བའི་མི་རིགས་གཞན་པ་ཚོའི་རང་དབང་དང་ཐོབ་ཐང་གི་ཆེད་དུ་རྒྱ་ནག་ལ་ཁ་གཏད་འཇོག་རྒྱུའི་གནད་འགག་དེ་ཇེ་གསལ་ལ་འགྲོ་བཞིན་ཡོད། དེར་བརྟེན། འདས་པའི་ནོར་འཁྲུལ་ལ་ཡོ་བསྲིང་དང་རེ་བ་དང་ཕུགས་བསམ་ཀྱིས་ཁེངས་པའི་ལོ་ངོ་སུམ་ཅུའི་སྔོན་གྱི་གནམ་སྡེ་སྒོ་མོའི་གནས་སྟངས་དེ་ནས་འུ་ཚོས་འགོ་རྩོམ་དགོས།

མང་གཙོ་ཡར་སྐུལ་ཚོགས་པ་ནི་༧རྒྱལ་བ་རིན་པོ་ཆེ་དང་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་གཉིས་ཀར་ལོ་མང་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། བོད་དོན་ལས་འགུལ་བསྟི་གནས་ཁང་དང་བོད་ཀྱི་ཚོགས་པ་གཞན་དག་ལ་བཟང་སྤྱོད་དང་རྒྱུ་ཆ་གཉིས་ཀའི་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད།

མཆན།

༡) མང་གཙོ་ཡར་སྐུལ་ཚོགས་པས་སྤེལ་བའི་གསར་འགྱུར་ལ་གཟིགས། at https://www.ned.org/defenders-of-human-and-religious-rights-in-china-to-receive-2019-democracy-award-on-30th-anniversary-of-tiananmen-massacre/

༡) འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་ལ་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བསྒྲུབས་པའི་ལས་གཞི་གཙོ་བོ་ཁག་ཅིག

  • བོད་མི་རྣམས་སྲུང་སྐྱོབ་སླད་དུ་པེ་ཅིང་གིས་བཏང་བའི་དྲ་ཐོག་གི་འཇབ་རྒོལ་རིགས་ལ་ཁ་གཏད་གཅོག་པ་དང་བོད་རང་དབང་ལས་འགུལ་གྱི་ཁྲོད་དུ་བོད་མི་རྣམས་ལ་འཕྲུལ་རིག་གི་ཉེན་སྲུང་ཐད་ཟབ་སྦྱོང་དང་གོ་རྟོགས་སྤེལ་ནས་དྲ་བའི་བདེ་འཇགས་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་བཞིན་ཡོད།
  • རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་དང་བོད་དོན་ལས་འགུལ་གྱི་སྣེ་ཁྲིད། འཚེ་མེད་ཞི་བའི་ལྟ་གྲུབ་སོགས་ཀྱི་སྐོར་ལ་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་བརྒྱ་དང་ཉེར་བཞི་ཙམ་ལ་ཟབ་སྦྱོང་སྤྲད་ནས་ལས་འགུལ་གྱི་ཐབས་ཇུས་རྒྱ་ཆེ་རུ་བཏང་ཡོད།
  • ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་དང་འཕྲུལ་རིག་བདེ་འཇགས་ཐད་ཀྱི་ལྟ་གྲུབ་དང་སྦྱོང་བརྡར་སོགས་དམིགས་གཏད་ཀྱི་ཚོགས་སྡེ་ཁག་དང་མི་མང་བཅས་ལ་ངོ་སྤྲོད་དང་མཁོ་སྤྲོད་ཀྱི་སླད་དུ་ཐུན་མོང་མ་ཡིན་པའི་ཤེས་ཡོན་དང་ཟབ་སྦྱོང་གི་ལས་གཞི་མང་པོ་བསྐྲུན་གྱི་ཡོད།
    • ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་དང་འཕྲུལ་རིག་བདེ་འཇགས་ཀྱི་ཐད་ནས་མི་གྲངས་ཉིས་སྟོང་ལྷག་ལ་སྦྱོང་བརྡར་སྤྲད་ཡོད།
    • ཐབས་ཇུས་ལྡན་པའི་སྤྱི་མང་སྒྲིག་འཛུགས་དེ་གཉའ་གནོན་ཆེ་བའི་གནས་སྟངས་འོག་ཏུ་ལག་ལེན་འཁྱོལ་བར་བོད་ཡིག་ཐོག་རྒྱུ་ཆ་མི་འདྲ་བ་ཉིས་བརྒྱ་ལྷག་འགྲེམས་སྤེལ་དང་དེ་ཡིས་མི་མང་སྟོང་ཕྲག་མང་པོར་གོ་རྟོགས་སྤེལ་ཡོད།
    • དྲ་བའི་བདེ་འཇགས་དང་འབྲེལ་བའི་་མི་མང་གོ་རྟོགས་ཐད་ལ་བརྙན་ཐུང་བཅོ་བརྒྱད་ལྷག་བཟོས་ཤིང་དེ་ལ་མི་མང་འབུམ་གཉིས་ལྷག་གིས་དོ་སྣང་སྤྲད་ཡོད།
  • འཕྲུལ་རིག་བདེ་འཇགས་དང་དྲ་རྒྱའི་ཉེན་སྲུང་ཐད་ནས་འབར་མ་དང་ཁོམ་རྦོ་སྒྲིས་ཡ། ཐེ་ལན་སྒྲི། བིས་ཁྲི་ནེམ། ཨིན་སྒྲོ་ནིས་ཞིས་ཡ། རྒྱ་ནག ཤར་ཀིས་སི་ཐན། ཨུའུ་རྫི་རྦེ་ཀིས་སི་ཐན། ཁར་རྫ་ཀིས་སི་ཐན། གྲར་འཇིས་ཀིས་སི་ཐན། པ་ཀིས་སི་ཐན། སེས་རིས་ཡ། ལེ་རྦེ་ནོན། ཨི་རན། ཁེ་མར་རོན། ཨིས་ཐོ་པིས་ཡ། མེ་སི་ཀོ་སོགས་ནས་ལས་འགུལ་བ་དང་གསར་འགོད་པ་ཉིས་བརྒྱ་ལྷག་དང་མཉམ་ལས་བྱས།
  • འགྲོ་བ་མིའི་ཐོབ་ཐང་ཀྱི་སྦྱོང་བརྡར་དང་བཀོད་སྒྲིག། མཉམ་ལས་བཅས་ཀྱི་ཐད་ལ་ཨང་ཚབ་རང་བཞིན་དང་སྒེར་བ་རང་བཞིན། བཀག་སྡོམ་མེད་པའི་རང་བཞིན་ཅན་གྱི་ཁ་པར་འབྲེལ་མཐུད་བཅས་བེད་སྤྱོད་གཏོང་བར་སྣེ་འཁྲིད་བྱེད་བཞིན་ཡོད།
  • བོད་མི་རྣམས་ཀྱི་ཆེད་དུ་བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་འགོ་བཙུགས། ཚན་ཁག་འདིས་ཆེད་ལས་རང་བཞིན་དང་མཉམ་འབྲེལ་རང་བཞིན་གྱི་སྒོ་ནས་ཉེན་སྲུང་གི་སྒོམ་གཞི་ཞིག་བསྐྲུན་ནས་དེས་བོད་མིའི་སྤྱི་ཚོགས་ཁྲོད་དུ་འཕྲད་བཞིན་པའི་དྲ་ཐོག་གི་འཇབ་རྒོལ་རིགས་ཞི་འཇམ་ལ་གཏོང་བ་དང་། ལྷག་པར་དུ། རྒྱལ་སྤྱིའི་བོད་མིའི་སྤྱི་ཚོགས་དང་བོད་ནང་དུ་རྒྱ་གཞུང་གི་བལྟ་རྟོག་དང་བཀག་སྡོམ་བཅས་ཀྱི་སྒང་ལ་བོད་མིའི་འཕྲུལ་རིག་ཞིབ་འཇུག་གི་ནུས་བ་རྒྱ་བསྐྱེད་གཏོང་བར་རོགས་འདེགས་བྱེད་འཆར་ཡིན། ད་དུང་། བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་གིས།  
    • དྲ་བའི་ཉེན་སྲུང་དང་དགོས་མཁོ་བཅས་ཀྱི་ཐད་ལ་ཕུགས་རྒྱང་རིང་བོའི་སྒོ་ནས་ཚོགས་སྡེ་མི་འདྲ་བའི་བར་ལ་མཉམ་ལས་ཀྱི་གོ་རྟོགས་དང་སྡིངས་ཆ་བསྐྲུན་རྒྱུ།
    • བོད་མིའི་ཚོགས་སྡེ་ཁག་དང་རྒྱལ་སྤྱིའི་དྲ་བའི་ཉེན་སྲུང་ཞིབ་འཇུག་པ་དང་དྲ་བའི་བདེ་འཇགས་བལྟ་རྟོག་པ་བཅས་ཀྱི་དབར་ལ་ཆེད་ལས་རང་བཞིན་གྱི་འབྲེལ་བ་གཏིང་ཟབ་དུ་བཏང་ནས་ཕྱོགས་གཉིས་ཀར་དགེ་ཕན་ཡོད་པའི་ལས་གཞི་སྤེལ་བ།
    • རྟག་པར་བོད་མིའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དྲ་བའི་ཉེན་སྲུང་ཐད་ལ་གོ་རྟོགས་སྤེལ་ནས་བོད་མི་རྣམས་ལ་དྲ་བའི་འཇབ་རྒོལ་དང་གཏོར་བཤིག་ལ་ཁ་གཏད་འཇོག་པར་མཁོ་བའི་རྒྱུ་ཆ་མཁོ་འདོན་གྱི་བྱེད་སྒོ་རྒྱ་ཆེ་རུ་གཏོང་བ།
    • རྒྱ་ནག་གི་བཀག་སྡོམ་དང་བལྟ་རྟོག་འོག་ཡོད་པའི་བོད་མི་རྣམས་ལ་དྲ་བའི་བདེ་འཇགས་ཐད་ཀྱི་གནས་ཚུལ་ཞིབ་ཕྲ་དང་དབྱེ་ཞིབ་དག་མཁོ་སྤྲོད་དང་ཐབས་ལམ་གསར་བ་ངོ་སྤྲོད་བྱེད་པ་བཅས་སོ།

Leave a Reply

Your email address will not be published.

This site uses Akismet to reduce spam. Learn how your comment data is processed.

Top