ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནང་དུ་བོད་དང་འབྲེལ་བའི་གནས་ཚུལ་བཀག་སྡོམ།
ཀུ་ཤུ་བཟོ་ཚོང་ཁང་གིས་བོད་དང་འབྲེལ་བའི་གནས་ཚུལ་བཀག་སྡོམ་བྱེད་པའི་ལོ་རྒྱུས་རིང་པོ་ཡིན། ཕྱི་ལོ་ ༢༠༠༩་ལོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་བཀོལ་ཆས་ཁ་ཤས་ཀུ་ཤུའི་མཉེན་ཆས་ཕབ་ལེན་གྱི་མཛོད་ནང་ནས་མེད་པར་ཆགས་ཡོད་པའི་གནས་ཚུལ་ཕྱིར་ཐོན་ཡོད་རུང་། ཀུ་ཤུ་བཟོ་ཚོང་ཁང་གིས་བཀོལ་ཆས་བཟོ་སྐྲུན་བྱེད་མཁན་ཚོར། ཁོང་ཚོའི་བཀོལ་ཆས་ཁག་མཉེན་ཆས་ཕབ་ལེན་གྱི་མཛོད་ནང་ནས་མེད་པར་བཟོས་པའི་བརྡ་ལན་གང་ཡང་སྤྲད་མེད། བཀོལ་ཆས་བཀག་སྡོམ་གྱི་གནས་ཚུལ་འདི་དག་གི་ཐད་ལ། ངོ་རྒོལ་བྱེད་དུས། ཀུ་ཤུ་བཟོ་ཚོང་ཁང་གི་མགྲིན་ཚབ་པ་ཞིག་གིས། ང་ཚོའི་བཟོ་ཚོང་ཁང་གི་ངོས་ནས། མུ་མཐུད་དུ། ས་གནས་ཀྱི་ཁྲིམས་ལ་བརྩི་སྲུང་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད།
ཕྱི་ལོ་༢༠༡༧ ལོའི་ཟླ་༡༢་པའི་ནང་། རྒྱ་ནང་དུ་འཚོགས་པའི་དཔྱད་གླེང་ཚོགས་འདུ་ཞིག་གི་སྟེང་དུ། ཀུ་ཤུ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན། ཁྲིམ་ཁོ་ཁིག་ལགས་ལ། རྒྱ་ནག་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ། ཀུ་ཤུའི་མཉེན་ཆས་མཛོད་ལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྐོར་ལ་དྲི་བ་འདྲི་དུས། ཁོས། ཁྱེད་རང་གི་གདམ་ག་ནི། མཉམ་ཞུགས་བྱེད་རྒྱུ་ཡིན་ནམ། ཡང་ན། ར་བའི་འགྲམ་དུ་ཡར་ལངས་ཏེ། སྐད་གསེང་མཐོན་པོས་ལས་དོན་ཅི་ལྟར་སྒྲུབ་དགོས་མིན་སྐོར་ལ་འུར་སྒྲ་སྒྲོག་རྒྱུ་ཡིན། ངས་བསམ་ཚུལ་ནི་ཁྱེད་རང་ཡོང་སྟེ།མཉམ་ཞུགས་བྱེད་རྒྱུ་དེ་ཡིན་ལ། ཁྱེད་རང་རྩལ་འགྲན་ར་བའི་ནང་དུ་ཞུགས་དགོས།་རྒྱུ་མཚན་གང་ཡིན་ཞེ་ན། ར་བའི་འགྲམ་ནས་འགྱུར་བ་གང་ཡང་གཏོང་མི་ཐུབ་ཞེས་བརྗོད་ཡོད།
ཀུ་ཤུ་བཟོ་ཚོང་ཁང་ལ། རྒྱ་ནག་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ། ཟུར་སྣེ་ལ་དེད་པའི་གྲངས་ཉུང་མི་རིགས་ཀྱི་འབོད་སྒྲ་ཁུ་སིམ་མེར་བཟོས་པར་ཆེས་ཐོག་མར་སྐྱོན་བརྗོད་ཕོག་ནས་ལོ་ངོ་བཅུ་འགོར་བའི་དུས་ཡུན་ཁྲོད་དུ། འགྱུར་བ་ཅི་ཞིག་ཕྱིན་ཡོད་དམ། ཀུ་ཤུ་བཟོ་ཚོང་ཁང་མུ་མཐུད་ནས་རྒྱ་ནག་སྲིད་གཞུང་གི་བཀའ་བཀོད་ཀྱི་རྗེས་སུ་ཤར་བསྐྱོད་བྱས་ཡོད། ཀུ་ཤུ་བཟོ་ཚོང་ཁང་གི་འགན་འཛིན་ཁྲིམ་ཁོ་ཁིག་གིས། རང་ཉིད་ཀྱི་བཟོ་ཚོང་ཁང་གི་ངོས་ནས་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་བསྐྲུན་པའི་རེ་བ་ག་དུས་བྱེད་སྲིད།
དེ་ཡང་https://applecensorship.com དྲ་ངོས་ནས་ཕྱོགས་བསྡུས་བྱས་པའི་གཞི་གྲངས་ལ་གཞིགས་ན། དུས་ད་ལྟའི་ཆར། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཀུ་ཤུའི་མཉེན་ཆས་ཕབ་ལེན་གྱི་མཛོད་ཁོངས་ནས། བོད་པ་དང་འབྲེལ་བའི་གྲགས་ཆེ་བའི་ཁ་པར་གྱི་བཀོལ་ཆས་༢༩ བཀག་སྡོམ་བྱས་ཡོད་འདུག་ལ། བོད་དང་འབྲེལ་བའི་གསར་འགྱུར་གྱི་བཀོལ་ཆས་དང་། ནང་ཆོས་སློབ་སྦྱོང་གི་བཀོལ་ཆས། ཡུལ་སྐོར་སྤྲོ་འཆམ་སྐོར་གྱི་བཀོལ་ཆས། ཐ་ན་རྩེད་མོའི་བཀོལ་ཆས་སོགས་ཀྱང་བཀག་སྡོམ་བྱས་ཡོད། བཀག་སྡོམ་བྱས་ཚར་བའི་བཀོལ་ཆས་ཁག་གི་ཐོ་གཞུང་གཤམ་དུ་བཀོད་ཡོད།
ཀུ་ཤུ་བཟོ་ཚོང་ཁང་གི་སྣེ་ཁྲིད་མི་སྣ་ཁག་གིས། ཁོང་ཚོའི་ངོས་ནས་བཀོལ་ཆས་ཁག་དོ་དམ་བྱས་ཏེ། གསལ་ཁ་མེད་པའི་རྒྱ་ནག་གི་ས་གནས་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་རུང་། ཁོང་ཚོའི་བྱེད་ལས་ཁག་ལ་ཕྱི་གསལ་ནང་གསལ་གྱི་ཆ་གང་ཡང་མེད།
བོད་དང་འབྲེལ་བའི་བཀོལ་ཆས་དང་དེ་བཞིན་བཀོལ་ཆས་གཞན་པ་མང་དག་ཅིག་རྒྱ་ནག་གི་ཀུ་ཤུའི་མཉེན་ཆས་ཕབ་ལེན་གྱི་མཛོད་ཁོངས་ནས་ཕྱིར་འདོན་བྱས་པ་དེས། རྒྱལ་སྤྱིའི་ཁྲིམས་ལུགས་ནང་གསལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྟེ། བོད་མི་ཚོའི་ཆ་འཕྲིན་རེག་པའི་ནུས་པ་དང་རང་དབང་གི་སྒོ་ནས་རང་ཉིད་ཀྱི་བསམ་ཚུལ་ལྷུག་བརྗོད་བྱེད་པའི་ཐོབ་ཐང་རྡོག་རོལ་བཏང་ཡོད་ཅེས། GreatFire་ཟེར་བའི་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། བཀག་སྡོམ་བྱས་པའི་བོད་པའི་བཀོལ་ཆས་སྐོར་ལ་ཉམས་ཞིབ་བྱེད་མཁན་ནམ།
བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ཡ་ལན་རུ་ཁག་གི་འབྲེལ་མཐུད་པ་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས་བརྗོད་ཡོད།
ཕྱི་ལོ་༢༠༡༩་ལོའི་ཟླ་༡་པོའི་ནང་། GreatFire ཚོགས་པས། applecensorship.com ཟེར་བའི་དྲ་གནས་ཤིག་ཤར་གཏོང་བྱས་ཡོད་ལ། དེའི་སྐབས་སུ། GreatFire ཚོགས་པའི་ཚོགས་གཞོན་སྐུ་ཞབས་མཱ་ཁྲིན་ཇོན་སིན་ལགས་ཀྱིས། ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས། ཀུ་ཤུའི་མཉེན་ཆས་ཕབ་ལེན་གྱི་མཛོད་ཁང་བཀག་སྡོམ་དང་འབྲེལ་བའི་གནས་ཚུལ་རིགས། ཁོང་ཚོའི་ཕྱི་གསལ་ནང་གསལ་གྱི་སྙན་ཐོ་ནང་གསལ་ཁ་བཏོན་མེད་ལ། ཁྲིམ་ཁོ་ཁིག་ལགས་ཀྱིས་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ནང་དུ་ཅི་ཞིག་བྱེད་ཀྱི་ཡོད་མེད། གང་འདོད་ལྟར་བཤད་ཆོག་ཀྱང་།applecensorship.com དྲ་གནས་ཀྱིས། ཀུ་ཤུ་བཟོ་ཚོང་ཁང་གི་གནས་ཚུལ་བཀག་སྡོམ་གྱི་བྱེད་ལས་དང་འབྲེལ་བའི་གཞི་གྲངས་ངོ་མ་མཁོ་སྤྲོད་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
རྒྱ་ནག་ནང་གི་ཀུ་ཤུའི་ཉེར་སྤྱོད་མ་ལག་ནང་དུ་བཀག་སྡོམ་བྱས་པའི་བཀོལ་ཆས་སྐོར་ལ་དཔྱད་ཞིབ།
བོད་པས་བཟོས་པའི་བཀོལ་ཆས་དང་ཡང་ན། བོད་པའི་ཆེད་དུ་བཟོས་པའི་བཀོལ་ཆས་མང་པོ་ཡོད་ལ། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཀུ་ཤུའི་མཉེན་ཆས་ཕབ་ལེན་གྱི་མཛོད་ཁོངས་ནས་བཀོལ་ཆས་དེ་དག་མང་ཆེ་བ་བཀག་སྡོམ་དང་དོ་དམ་བྱེད་ཀྱི་ཡོད། དེར་བརྟེན། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས། བཀོལ་ཆས་དེ་དག་ཇི་ལྟར་བཀག་སྡོམ་བྱེད་ཀྱི་ཡོད་མེད་དང་། དེ་ལྟར་ཐག་གཅོད་བྱེད་དགོས་པའི་ཞིབ་ཕྲའི་རྒྱབ་ལྗོངས་སྐོར་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་གལ་ཆེ། དེ་ཧ་གོ་བར། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་རྒྱ་ནག་གི་ཀུ་ཤུའི་མཉེན་ཆས་ཕབ་ལེན་གྱི་མཛོད་ཁོངས་སུ་བཀག་སྡོམ་བྱས་པའི་བོད་པ་དང་འབྲེལ་བའི་བཀོལ་ཆས་ཀྱི་སྐོར་ལ་ཉམས་ཞིབ་ཅིག་བྱས་ཡོད། ཉམས་ཞིབ་དེ་མཐེབ་གཞོང་བྱེད་སྤྱད་དེ་བོད་པའི་བཀོལ་ཆས་འཚོལ་བཤེར་བྱས་པ་དང་། དེ་ནས་GreatFire ཚོགས་པས་མཁོ་སྤྲོད་བྱས་པའི་བཀོལ་ཆས་བཀག་སྡོམ་གྱི་སྡིངས་ཆ་བཀོལ་སྤྱོད་བྱས་ཡོད།
བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་ཀུ་ཤུའི་མ་ལག་ནང་གི་བོད་པ་དང་འབྲེལ་བའི་བཀོལ་ཆས་༡༡༩ ལ་དཔྱད་ཞིབ་བྱས་ཡོད་ལ། གཤམ་དུ་བཀོད་པའི་བཀོལ་ཆས་ཚང་མ་ཀུ་ཤུའི་མཉེན་ཆས་ཕབ་ལེན་གྱི་མཛོད་ནང་དུ། ‘Tibet’‘(བོད།)‘Tibetans’(བོད་པ།) ‘Dalai Lama’(ཏཱ་ལའི་བླ་མ།)‘Buddhism’(ནང་ཆོས།) ‘bhoe’(བོད།) ‘Tibetan Buddhism’(བོད་བརྒྱུད་ནང་བསྟན)་སོགས་འབྲི་དུས་རྙེད་ཡོད། རྙེད་སོན་བྱུང་བའི་བཀོལ་ཆས་དེ་དག་དབྱེ་བ་ལྔ་རུ་བགར་ཡོད་དེ། དེ་དག་ནི། ཆོས་དང་རིག་གཞུང་དང་། ཆ་འཕྲིན་དང་ཆབ་སྲིད། སྤྲོ་སྐྱིད། བཀོལ་སྤྱོད། ཤེས་ཡོན་བཅས་ཡིན།
བཀོལ་ཆས་༡༡༩ ཚང་མ་https://applecensorship.com/ དྲ་ངོས་ནས། རྒྱ་ནག་ནང་བཀག་འགོག་བྱས་ཡོད་མེད་ཚོད་ལྟ་བྱས་ཡོད། བཀོལ་ཆས་༡༡༩ ཁོངས་ནས། ༢༩་བཀག་སྡོམ་བྱས་ཚར་ཡོད་པ་གཏན་འཁེལ་བྱུང་ཡོད། བཀག་སྡོམ་བྱས་པའི་བཀོལ་ཆས་དེ་དག་གི་ཁོངས་ནས། བཀོལ་ཆས་༧ ཆོས་ལུགས་དང་རིག་གཞུང་གི་ངོ་བར་འབྲེལ་བ་ཡོད་པ་དང་། བཀོལ་ཆས་༥ ཆ་འཕྲིན་དང་ཆབ་སྲིད་ལ་འབྲེལ་བ་ཡོད་པ་དེ་འདྲ་རེད་འདུག
བཀོལ་ཆས་གང་དག་བཀག་སྡོམ་བྱས་ཡོད་མེད་ལ་ཞིབ་ལྟ་བྱེད་དུས། བཀག་སྡོམ་གྱི་རྒྱུ་མཚན་དང་ཆ་རྐྱེན་ངོས་འཛིན་བྱེད་ཐུབ་ངེས། གལ་ཏེ། བཀོལ་ཆས་ཀྱི་མིང་གི་ཁོངས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་ཡོད་ཚེ། བཀོལ་ཆས་དེ་བཀག་འགོག་བྱེད་ངེས་པ་དང་། ཆ་འཕྲིན་དང་འབྲེལ་བའི་བཀོལ་ཆས་ཡོངས་རྫོགས་བཀག་འགོག་བྱེད་ཀྱི་ཡོད། རྩེད་མོའི་བཀོལ་ཆས་གཅིག་ཁོ་ན་བཀག་འགོག་བྱས་ཡོད་པ་དེའི་མཚོན་རྟགས་བོད་ཀྱི་རྒྱལ་དར་བཞག་ཡོད།ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས། བཀོལ་ཆས་གང་དག་བཀག་འགོག་བྱེད་ཀྱི་ཡོད་མེད་ཐད་ལ་ཕྱི་གསལ་ནང་གསལ་མེད་པས། བཀོལ་ཆས་བཟོ་སྐྲུན་མཁན་མང་པོ་ཞིག་གིས། གཅིག་བྱས་ན། རང་ཉིད་ཀྱིས་བཟོས་པའི་བཀོལ་ཆས་དེ་རྒྱ་ནག་ནང་དུ་བཀག་འགོག་བྱས་ཡོད་པ་ཤེས་ཀྱི་མེད། མིང་བརྗོད་འདོད་མེད་པའི་བོད་པའི་བཀོལ་ཆས་བཟོ་སྐྲུན་མཁན་ཞིག་གིས་བརྗོད་གསལ་ལྟར་ན། ཁོང་གིས་ལུང་པ་རྒྱ་ནག་འདེམས་དུས། རང་ཉིད་ཀྱིས་བཟོས་པའི་བཀོལ་ཆས་དེ་ཀུ་ཤུ་བཟོ་ཚོང་ཁང་གིས་འགྲེམས་སྤེལ་བྱེད་དུ་འཇུག་གི་མི་འདུག་ལ། འཆར་ངོས་སུ།ཁྱེད་ཀྱིས་རྒྱ་ནག་གི་དྲ་རྒྱའི་བཅའ་ཁྲིམས་རྩིས་མེད་བཏང་འདུག་ཟེར་བའི་འཕྲིན་ཐུང་ཞིག་མངོན་ཡོང་གི་འདུག གསལ་ཆ་གང་ཡང་མེད་པའི་འཕྲིན་ཐུང་འདིས། མཉེས་ཆས་བཟོ་སྐྲུན་མཁན་གྱིས་ཇི་ལྟར་རྒྱ་ནག་གི་དྲ་རྒྱའི་བཅའ་ཁྲིམས་རྩིས་མེད་བཏང་ཡོད་པ་དང་། རྩིས་མེད་གཏང་སའི་དྲ་རྒྱའི་ཁྲིམས་གང་དང་གང་ཡིན་མིན། དེ་བཞིན་བསྐྱར་བཅོས་ཀྱི་གདམ་ག་སོགས་གང་ཡང་གསལ་པོ་སྤྲོད་ཀྱི་མི་འདུག དེ་ཡང་ཕྱི་གསལ་ནང་གསལ་གྱི་ཆ་གང་ཡང་མེད་པའི་མཉེན་ཆས་བཀག་སྡོམ་གྱི་སྲིད་ཇུས་ལ་གཞིགས་ནས་གླེང་ན། ཀུ་ཤུ་བཟོ་ཚོང་ཁང་གིས་མཉེན་ཆས་ག་ཚོད་ཅིག་ཐོག་མ་ཉིད་ནས་ཁྱབ་སྤེལ་བྱེད་དུ་མ་བཅུག་པར་བཀག་འགོག་བྱས་ཡོད་མེད་ཀྱི་གྲངས་ཀ་བཤད་ཚོད་ཐུབ་དཀའ་བ་ཞིག་རེད།
བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་བཀོལ་ཆས་ཁ་ཤས་བཀག་འགོག་བྱས་ཚར་ཡོད་ཀྱང་། ཁ་ཤས་ད་དུང་བཀག་འགོག་བྱས་མེད་པར་ལྷག་བསྡད་ཡོད་པ་དེའི་རྒྱུ་མཚན་གང་ཡང་གསལ་པོ་མི་འདུག བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་རིགས་འདྲ་བའི་མཉེན་ཆས་ཁག་གི་ཁོངས་ནས། ཁ་ཤས་བཀག་འགོག་བྱས་པ་གང་ཞིག་ལ། ཡང་མཉེན་ཆས་ཁ་ཤས་བཀག་འགོག་མ་བྱས་པའི་རྒྱུ་མཚན་གང་ཡིན་སྐོར་ལ་མུ་མཐུད་ནས་ཞིབ་འཇུག་མང་པོ་བྱེད་ཀྱི་ཡོད། གནས་སྟངས་ཁ་ཤས་ཁྲོད་དུ། བཀོལ་ཆས་ཤིག་རྒྱ་ནག་གི་མཉེན་ཆས་ཕབ་ལེན་གྱི་མཛོད་དུ་ཡོད་རུང་། (དཔེར་ན། ངོ་དེབ་ལྟ་བུ།)བཀོལ་ཆས་དེར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་འབྲེལ་ཡོད་དྲ་ཚིགས་དེ་བཀག་འགོག་བྱས་ཏེ། བཀོལ་ཆས་དེ་བེད་མེད་བཟོ་གི་ཡོད། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་མཐེབ་གཞུང་གི་འཚོལ་བཤེར་བརྒྱུད་ནས་བོད་དང་འབྲེལ་བའི་བཀོལ་ཆས་རིགས་བཙལ་ཡོད། འོན་ཀྱང་། ཉམས་ཞིབ་བྱེད་སྟངས་ཀྱི་ཐབས་ལམ་འདི་ལ་སྐྱོན་ཆ་ཡོད་ངེས་པས། ཀུ་ཤུ་བཟོ་ཚོང་ཁང་གི་བོད་པ་དང་འབྲེལ་བའི་བཀོལ་ཆས་རིགས་བཀག་སྡོམ་བྱེད་སྟངས་སྐོར་གསལ་པོ་ཧ་གོ་བར་ང་ཚོས་ཐབས་ལམ་གཞན་པ་བཙལ་ཏེ། མ་འོངས་པར་ཉམས་ཞིབ་ཀྱི་གཞི་རྒྱ་ཆེ་རུ་གཏོང་ངེས་ཡིན།
སྙན་ཐོ་འདིའི་སྐོར་ལ་རྒྱས་པ་མཁྱེན་འདོད་ཚེ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་རྡོ་རྗེ་ཕུན་ཚོགས་([email protected]) དང་ཡང་ན། GreatFire.org ཚོགས་པའི་ཞར་ལེ་སི་མེ་ཐི་ལ་([email protected])འབྲེལ་གཏུགས་བྱེད་རོགས།
ནོར་བཅོས།: ཡིག་ཟམ་གསར་ཤོག་གི་ཚུལ་དུ། ཕྱི་ལོ་༢༠༡༩་ལོའི་ཟླ་༥་པའི་ཚེས་༣༡་ཉིན་བཏང་བའི་སྙན་ཐོ་འདིའི་ཟིན་བྲིས་ཐོན་སྔ་མའི་༼ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་ནང་བོད་ཀྱི་ཆ་འཕྲིན་བཀག་སྡོམ༽ནང་དུ། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་བཀོལ་ཆས་རྒྱ་ནག་གི་མཉེན་ཆས་ཕབ་ལེན་མཛོད་ནང་དུ་འདུག་ཅེས་ནོར་བ་བྲིས་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་བཀོལ་ཆས་རྒྱ་ནག་གི་མཉེན་ཆས་ཕབ་ལེན་མཛོད་ནང་དུ་མེད་པ་མ་ཟད། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་དྲ་ཚིགས་ཀྱང་རྒྱ་ནག་ནང་བཀག་འགོག་བྱས་ཡོད།
ཀུ་ཤུ་བཟོ་ཚོང་ཁང་གིས་བཀག་སྡོམ་བྱས་པའི་བོད་པའི་བཀོལ་ཆས་ཁག
- Bangchen
- BuddhaApps
- Dalai Lama
- Dalai Lama Quotes
- Dharamsala Tourism Guide
- Drikung Kagyu Today
- Gangjong Tsegzhod Chenmo
- GCMGC
- Gyalwa Rinpoche
- Gyalwa Rinpoche’s Books
- Kirsan Buddhist Messenger
- PotRunner
- Radio Free Asia (RFA)
- Teachings of His Holiness the Gyalwa Rinpoche
- Teachings of Tibetan Buddhism
- Tenzin Gyatso Daily Surprise
- The Drikung Kagyu Today
- Tibet eRadio
- Tibet Times
- Tibet Travel Phrase
- Tibet.net
- Tibetan Book of the Dead
- Tibetan Buddhism – Pilgrimage to Tibet
- Tibetan News
- TibetOnline TV
- uTalk Classic Learn Tibetan
- VOA Tibetan
- Voice of Tibet
- 藏传佛教·课颂集
Leave a Reply