ཁུང་ཙིའི་སློབ་གླིང་ཨ་རིའི་སློབ་ཆེན་ཁག་ལ་ཡག་པོ་ཡོད་དམ།

ཁུང་ཙིའི་སློབ་གླིང་ཨ་རིའི་སློབ་ཆེན་ཁག་ལ་ཡག་པོ་ཡོད་དམ།

ཨེ་ཤེ་ཡ་ཚོགས་པའི་ཨ་རྒྱ་འབྲེལ་ལམ་ལྟེ་གནས་ཁང་གི་འདོན་སྤེལ་བྱས་པའི་དྲ་ཐོག་དུས་དེབ་(རྒྱ་ནག་གི་ཡིག་ཚགས)ཀྱི་ནང་དུ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལ། ཁུང་ཙིའི་སློབ་གླིང་ཨ་རིའི་སློབ་ཆེན་ཁག་ལ་ཡག་པོ་ཡོད་དམ་ཞེས་་དྲི་བ་བཏོན་ཡོད།

འདི་ནི་མོའི་དྲིས་ལན་ཡིན།

ཁུང་ཙིའི་སློབ་གླིང་གིས་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ར་དང་དེའི་ཁྱབ་ཁོངས་་ཀྱི་སློབ་གྲྭ་ཁག་ནང་གི་ཤེས་ཡོན་གྱི་རང་དབང་ལ་གཏོར་བརླག་དང་འགྲོ་བ་་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ཁག་བཀག་འགོག་བྱེད་ཀྱི་ཡོད། ཁུང་ཙིའི་སློབ་གླིང་ཁག་ནི་རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་བྱ་སའི་སྡིངས་ཆ་ཞིག་ཡིན་ལ། དེས་གཙོ་གཉེར་སློབ་ཆེན་གྱིས་མཁོ་སྤྲོད་གནང་བའི་ཤེས་ཡོན་གྱི་མཚན་སྙན་བེད་སྤྱད་དེ། མི་ཚོས་རྒྱ་ནག་མཐོང་ཚུལ་དང་། བོད་དང་ཐེ་ཝན་སོགས་ཐེ་བའི་གནད་དོན་ལྟེ་བ་ཁག་འགྲེལ་བརྗོད་ལོག་པ་བྱེད་ཀྱི་ཡོད།

འདི་ནི་མེ་རི་ལན་ཌི་(Maryland )གཙུག་ལག་སློབ་ཆེན་དུ་བྱུང་བའི་གནས་ཚུལ་ཞིག་ཡིན། ཕྱི་ལོ་༢༠༠༩་ལོར། རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་ཁག་ནང་གི་མི་སེར་སྤེལ་བའི་སྲིད་ཇུས་ཁག་སྦ་གསང་བྱེད་པར་དམིགས་ཏེ། ཁུང་ཙིའི་སློབ་གླིང་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཡོད་ལ། བོད་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གྱི་མཛད་སྒོ་དབུ་འབྱེད་ཀྱི་སྐབས་སུ། རྒྱ་ནག་གཞུང་ཚབ་ཀྱི་འགོ་གཙོ་གཞོན་པས། རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་གནོན་བྱེད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་ངོས་ལེན་གནང་མེད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱོན་བརྗོད་བྱས་ཡོད།

ཁུང་ཙིའི་སློབ་གླིང་དེ་དག་འཇར་མན་གྱི་Goethe-Institut  དང་། ཧྥ་རན་སིའི་Alliance Francais སོགས་ལ་བསྡུར་ཡོད་ཀྱང་། ཁུང་ཙིའི་སློབ་གླིང་དེ་ང་ཚོའི་སློབ་གྲྭ་ཆེན་མོ་ཁག་གི་སློབ་རའི་ནང་དུ་འཛུལ་ཡོད་པ་མ་ཟད། མཐའ་དོན་རྒྱ་ནག་སྲིད་གཞུང་ལ་འགན་ཁུར་ནས་བསྡད་ཡོད། ཁུང་ཙིའི་སློབ་གླིང་གི་དགེ་རྒན་རྣམས་པེ་ཅིན་སྲིད་གཞུང་གི་སྦྱོང་བརྡར་སྤྲད་དེ་འདེམས་ཀྱི་ཡོད་ལ། ཁོང་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་དང་སྤྱི་ཚོགས་འགྲེལ་ཚུལ་མཁོ་སྤྲོད་བྱེད་དགོས་པའི་འགན་འཁྲི་ཡོད།དགེ་རྒན་དེ་དག་གིས། རྒྱ་ནག་སྲིད་གཞུང་གིས་དགའ་མོས་དང་དང་ལེན་མི་བྱེད་པའི་བརྗོད་གཞི་རིགས་ལ་གཡོལ་ཐབས་དང་། བཀག་འགོག སུན་འབྱིན། དགག་བཞག་བྱས་པའི་གནས་ཚུལ་ཁུངས་སྐྱེལ་བྱེད་ཐུབ་པ་མ་ཟད། ཡིག་ཚགས་སུ་བརྟན་པོ་ཉར་ཡོད།

གཙུག་ལག་སློབ་ཆེན་ཁ་ཤས་ཀྱིས་ཁུང་ཙིའི་སློབ་གླིང་ལ་སྟངས་འཛིན་སྔར་ལས་ཤུགས་ཆེ་རུ་གཏོང་བའི་ཐད་དུ་གྲོས་མོལ་བྱེད་ཀྱི་ཡོད་རུང་། རྒྱ་ནག་ནས་ཡོང་བའི་ལས་བྱེད་དང་། འགག་རྩའི་འཛིན་སྐྱོང་མ་དངུལ། སློབ་ཚན། སློབ་དེབ། ཁྱོན་ཡོངས་ཀྱི་ལས་འཆར་གཙོ་སྐྱོང་མཐའ་དག་ཧཱན་པན་ཟེར་བའི་རྒྱལ་གཉེར་ལས་ཁུངས་ཤིག་གིས་སྟངས་འཛིན་བྱེད་ཀྱི་ཡོད། སློབ་ཆེན་མང་པོ་ཞིག་གིས་བཀོལ་སྤྱོད་བྱེད་བཞིན་པའི་ཚད་ལྡན་གན་རྒྱའི་མ་དཔེའི་ནང་གི་དོན་ཚན་ཞིག་གི་ནང་དུ། སློབ་ཆེན་གྱི་ངོས་ནས་ཧཱན་པན་གྱིས་དཔྱད་ཞིབ་བྱས་པའི་སློབ་གསོའི་སྤུས་ཚད་དེ་ངེས་པར་དུ་ཁས་ལེན་བྱེད་དགོས་པ་འཁོད་ཡོད་པ་བཞིན། མཐར་མཐུག་གི་ཤེས་ཡོན་སྟངས་འཛིན་གྱི་དབང་ཆ་རྒྱ་ནག་ལ་སྤྲད་ཡོད། དོན་ཚན་དེའི་ནང་དུ་ད་དུང་། ཁུང་ཙིའི་སློབ་གླིང་གི་བྱ་འགུལ་ཁག་ཨ་རི་དང་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི་ལ་རྩ་བ་ནས་འགལ་མི་ཆོག་པའང་འཁོད་ཡོད།

ཁུང་ཙིའི་སློབ་གླིང་གི་ལས་བྱེད་རྣམས་ཨ་རིའི་ནང་གནས་སྡོད་བྱས་ཏེ་ལས་ཀ་བྱེད་ཀྱི་ཡོད་རུང་། ཁོང་ཚོ་ཧཱན་པན་དང་མཉམ་དུ་བཞག་པའི་གན་རྒྱའི་འོག་ཡོད་པས། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གྱི་ལྟ་བ་དང་འགལ་བའི་གནས་ཚུལ་རིགས་འཆད་ཁྲིད་བྱེད་པའི་རང་དབང་སྤུ་ཙམ་མེད། གལ་ཏེ་དེ་ལྟར་བྱས་ཚེ། གནས་སྐབས་སུ་ལས་ཀ་ཤོར་འགྲོ་བ་དང་། ཕུགས་སུ་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དུས་ཉེས་ཆད་ནན་མོ་ཕོག་ངེས། ཧྥ་ལུན་ཀུང་རྩ་རླུང་སྒོམ་སྒྲུབ་པ་སོ་ནེ་ཡ་ཀྲའོ་ལགས་ཀྱི་དཔེ་མཚོན་ཞུས་ན།  མོ་རང་ཁེ་ན་ཌའི་ནང་གི McMaster གཙུག་ལག་སློབ་ཆེན་ནང་གི་ཁུང་ཙི་སློབ་གླིང་ནས། ཕྱི་ལོ་༢༠༡༢ ལོར་རྒྱབ་གཏོད་བྲོས་བྱོལ་དུ་ཕྱིན་པ་དང་། མོས་རང་ཉིད་ཀྱི་གྱོད་གཞི་དེ་བདེ་ལེགས་ངང་ཨོན་ཁྲི་རོས་(Ontario)འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཁང་དུ་བསྐྱེལ་ཐུབ་པ་བྱུང་ཡོད། སོ་ནེ་ཡ་ཀྲའོ་ལགས་ཀྱི་གན་རྒྱའི་ནང་དུ། མོ་རང་རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་ལས་འགུལ་ཁག་གི་ནང་དུ་ཞུགས་མི་ཆོག་པ་མ་ཟད། ཧྥ་ལུན་ཀུང་དང་། དེ་བཞིན་ཁྲིམས་འགལ་གྱི་ཚོགས་པ་གཞན་ཁག་གི་ནང་དུའང་ཞུགས་མི་ཆོག་ཅེས་འཁོད་ཡོད།

ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཚོར།ཁུང་ཙིའི་སློབ་གླིང་ལ་མཛུབ་སྟོན་དང་ཞིབ་དཔྱོད་བྱེད་པའི་དབང་ཆ་ཆ་ཚང་ཡོད་ཅེས་བརྗོད་ཀྱི་ཡོད་རུང་།སློབ་ཆེན་འཛིན་སྐྱོང་སྐུ་ཚབ་ཀྱིས་རྒྱ་ཡིག་ཤེས་ཀྱི་མེད་སྟབས། དོན་དངོས་ཐོག ཁུང་ཙིའི་སློབ་གླིང་གི་སློབ་ཚན་ལ་བརྟག་དཔྱད་དང་། འཆར་འགོད་ལས་བྱེད་ལ་དོ་དམ་བྱེད་རྒྱུ་ཁག་པོ་ཆགས་ཡོད། Tufts གཙུག་ལག་སློབ་ཆེན་ནང་ལ་ཆ་མཚོན་ན། སློབ་ཆེན་གྱི་འཛིན་སྐྱོང་སྐུ་ཚབ་ཀྱིས། ཁུང་ཙིའི་སློབ་གླིང་གི་འགན་འཛིན་དང་ལས་བྱེད་ཚོས་ས་གནས་ཀྱི་གཞི་རིམ་སློབ་གྲྭའི་ནང་དུ་ཁུང་ཙིའི་འཛིན་གྲྭ་འཛུགས་ཐབས་བྱས་ཡོད་པ་ཤེས་རྟོགས་བྱུང་མེད།

ང་ཚོས་ཁུང་ཙིའི་སློབ་གླིང་གི་སྐོར་ལ་ཧ་གོ་བའི་གནས་ཚུལ་ཆ་ཚང་ལ་གཞིར་བཞག་ནས་གླེང་ན། ཁོང་ཚོ་ཨ་རིའི་སློབ་གྲྭ་ཁག་གི་ནང་དུ་ལས་དོན་སྤེལ་དུ་འཇུག་གི་ཡོད་པ་དེ་ཧ་ཅང་ཡིད་ཆེས་དཀའ་བའི་གནས་ཤིག་ཡིན། རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་པའི་ཆེད་དུ་བཙུགས་པའི་མ་རྩ་མང་པོ་མེད་སྲིད་ཀྱང་། སྒེར་འཛིན་སྲིད་གཞུང་ཞིག་དང་མཉམ་འབྲེལ་བྱས་ཏེ། ཤེས་ཡོན་གྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫིས་བཏང་ན་གཏན་ནས་མི་འགྲིག  གཙུག་ལག་སློབ་ཆེན་ཁག་གི་ནང་དུ་ཁུང་ཙིའི་སློབ་གླིང་འཛུལ་དུ་བཅུག་ན། ཕུགས་ཀྱི་གྱོང་གུད་ཧ་ཅང་ཆེ་བས། ད་ནི་དེ་དག་སྒོ་རྒྱག་པའི་དུས་ལ་སླེབས་ཡོད།

མི་གཞན་གྱིས་འདིའི་སྐོར་ལ་ག་རེ་བརྗོད་ཀྱི་ཡོད་མེད་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་ཀློག་རོགས།

http://www.chinafile.com/conversation/are-confucius-institutes-good-american-universities

Leave a Reply

Your email address will not be published.

Solve : *
25 − 8 =


Top