ཏོག་དབྱིབས་ནད་དུག་སྐབས་ཀྱི་འཕྲུལ་རིག་གསལ་འདེབས། 

ཏོག་དབྱིབས་ནད་དུག་སྐབས་ཀྱི་འཕྲུལ་རིག་གསལ་འདེབས། 

ད་ལྟ་ང་ཚོ་མང་ཆེ་བས་ཁྱིམ་དུ་ལས་ཀ་བྱེད་ཀྱི་ཡོད་སྟབས། ཟིན་བྲིས་འདིའི་ནང་དུ། ང་ཚོས་ཁྱིམ་དུ་སྒེར་གྱི་གསང་རྒྱ་དང་འབྲེལ་བའི་བདེ་འཇགས་ཀྱི་ལག་ལེན་ཡག་ཤོས་རིགས་ཇི་ལྟར་གོམས་འདྲིས་དང་ཉམས་སུ་ལེན་དགོས་མིན་གྱི་དྲི་བའི་སྐོར་ལ་གླེང་སློང་བྱེད་རྒྱུ་ཡིན། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་བྱེད་ཚོས་རང་ཁྱིམ་ནས་ལས་ཀ་བྱེད་སྐབས། བདེ་འཇགས་ཀྱི་གཞི་རྩ་བརྟན་པོ་ཞིག་བསྐྲུན་རྒྱུ་དེ། ལས་ཁུངས་རིམ་པའི་བདེ་འཇགས་ཀྱི་དྲ་བ་མ་ཡིན་པར། མི་སྒེར་རེ་རེ་ལ་ཐུག་ཡོད་པ་ཤེས་རྟོགས་བྱུང་ཡོད། 

ད་དུང་། Zoom ཟེར་བའི་གཟུགས་མཐོང་གླེང་མོལ་བཀོལ་ཆས་དེ། ཉེ་ལམ་མི་ཚོ་དྲ་ཐོག་ཏུ་འཛོམས་ཏེ་མཉམ་ལས་དང་གྲོས་བསྡུར་བྱ་སའི་སྡིངས་ཆ་གྲགས་ཆེ་ཤོས་དེ་ཆགས་ཡོད་པས། བཀོལ་ཆས་དེ་གསར་འགྱུར་ནང་དུ་ཡང་ཡང་ཐོན་ཡོད་ལ། དུས་མཚུངས་སུ། ང་ཚོའི་ཕྱག་སྦྲེལ་ཚོགས་པ་ “མི་སེར་ཚོད་ལྟ་ཁང”་( The Citizen Lab)ཐེ་བའི་ཉམས་ཞིབ་ཚོགས་པ་ཁག་གིས་བཀོལ་ཆས་དེའི་སྐོར་ལ་ཞིབ་བཤེར་བྱེད་འགོ་བཙུགས་ཡོད། གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན། མི་སེར་ཚོད་ལྟ་ཁང་གིས་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པའི་སྙན་ཐོ་ཁྱད་དུ་འཕགས་པ་ཞིག་བཏོན་ཡོད།  སྙན་ཐོ་དེའི་ནང་དུ་Zoom ནང་གི་ཉེར་སྤྱོད་བྱ་རིམ་ཨང་ཚབ་བདེ་འཇགས་མིན་པ་གསལ་ཁ་བཏོན་ཡོད་པ་མ་ཟད། Zoom བཟོ་ཚོང་ཁང་གི་ཉམས་ཞིབ་དང་ཡར་རྒྱས་ཀྱི་བྱེད་སྒོ་མང་ཆེ་བ་རྒྱ་ནག་ནང་དུ་རྩོམ་གྱི་ཡོད་པའི་གནས་ཚུལ་ཡོངས་ཁྱབ་དམར་རྗེན་དུ་བཏོན་ཡོད།

བོད་དོན་ལས་འགུལ་བསྟི་གནས་ཁང་གིས་དེ་སྔོན་  Zoom བཀོལ་ཆས་བཀོལ་སྤྱོད་བྱེད་ཀྱི་ཡོད་རུང་། ད་ཆ་དྲ་ལམ་གྱི་སྤྱིར་བཏང་གི་སྐད་ཆ་ཙམ་མ་གཏོགས། ཡོངས་ཁྱབ་ཀྱི་ཟབ་སྦྱོང་རིགས་ Zoom ནང་དུ་སྤྲད་མི་ཆོག་པ་བཟོས་ཡོད། དྲ་ལམ་གྱི་ཚོགས་འདུའི་རིགས་ Jitsi Meet ཟེར་བའི་ཁུངས་འབྱེད་མཉེན་ཆས་ཤིག་གི་ནང་དུ་གནས་སྤོར་བྱས་ཡོད། གནད་དོན་འདིའི་སྐོར་ལ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་ཆས་འགན་འཛིན་དང་གྷར་ཌིན་ལས་འཆར (Guardian Project )གྱི་མགོ་ཁྲིད་ན་ཐན་ཕི་རིས་ཊེས་ལགས་ཀྱིས་གླེང་སློང་བྱས་པའི་ལེ་ཚན་འདིར་གསན་རོགས། 

གསལ་འདེབས་སྙིང་བསྡུས།

༡༽  ད་ལྟ་ཁྱེད་རང་གི་ཁྱིམ་གྱི་དྲ་བ་དེ་ལས་ཀའི་དྲ་བ་ཆགས་ཡོད་སྟབས། མཉེན་ཆས་ཁག་གསར་སྣོན་དང་། སྐར་ཁུང་དང་ཀུ་ཤུ་མ་ལག་ཁོངས་ཀྱི་ཉེན་འགོག་ལྕགས་རི་ཁ་ཕྱེས་ཏེ། རང་ཉིད་དྲ་ཐོག་ཏུ་བདེ་འཇགས་ངང་གནས་ཐུབ་པ་བྱེད་རྒྱུ་དེ་གནད་འགག་ཅིག་ཆགས་ཡོད། 

༢༽  ཉྭ་འཛིན་གྱི་འབྲེལ་ཐག་དང་གནོད་ཚབས་ཆེ་བའི་ཟུར་སྣོན་རིགས་ལ་གཟབ་དགོས། ད་ལྟ་འཇབ་རྒོལ་འདིའི་རིགས་འབྱུང་བའི་ཉེན་ཁ་སྔར་ལས་ཆེ་བ་ཡོད། 

༣༽  ཁུངས་འབྱེད་མཉེན་ཆས་ལ་ཆ་བཞག་ན། མི་སྒེར་གྱི་ཁ་བརྡ་གླེང་མོལ་དང་། གཟུགས་མཐོང་གླེང་མོལ་སོགས་བྱེད་སའི་བདེ་འཇགས་ཀྱི་འབྲེལ་མཐུད་བརྟན་ཤོས་དེ། གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་བརྡ་རྟགས་བཀོལ་ཆས་ཆགས་ཡོད། Zoom བཀོལ་ཆས་ནི་བདེ་འཇགས་ཡོད་པའི་འབྲེལ་མཐུད་ཀྱི་ཡོ་ཆས་ཤིག་མིན། ཚོམས་ཀྱི་གཟུགས་མཐོང་གླེང་མོལ་བྱེད་སའི་གདམ་ག་འདྲ་མིན་གྱི་སྐོར་རྒྱས་པ་མཁྱེན་འདོད་ཚེ། གཤམ་ལ་གཟིགས།

༤༽  ཁྱེད་རང་གི་སྡོད་གནས་རྗེས་འདེད་དང་ཁ་པར་ནང་གི་འབྲེལ་ཐོ་རིགས་ལྐོག་ཏུ་བཀོལ་སྤྱོད་བྱེད་ངེས་པའི། ཏོག་དབྱིབས་ནད་དུག་འགོག་སྲུང་གི་ཆེད་དུ་བཟོས་པའི་བཀོལ་ཆས་ཁག་ལ་གཟབ་དགོས། རང་ཉིད་ཀྱིས་ཧ་གོ་བ་དང་སོ་སོས་ཡིད་ཆེས་བྱེད་སའི་ཐབས་ལམ་ཁག་བཀོལ་སྤྱོད་བྱོས། བསམ་མེད་ངང་ཆོག་མཆན་འདྲ་མིན་མ་སྤྲོད། 

ཁྱིམ་དུ་སྤོར་བའི་ལས་ཁུངས་ཀྱི་བདེ་འཇགས་སྲ་བརྟན་བཟོ་བའི་གོམ་པ་དང་པོ་ནི། རང་ཉིད་ཀྱི་ལས་ཀ་དང་འབྲེལ་བའི་ཁྱིམ་གྱི་འཕྲུལ་ཆས་དང་ཡོ་ཆས་རིགས་ལ་ཉེན་ཁ་ཡོད་ངེས་པ་ངོས་འཛིན་བྱེད་རྒྱུ་དེ་རེད། དེར་བརྟེན། བདེ་འཇགས་ནི། ཉེན་སྲུང་གི་མ་ལག་དང་། ཁེ་ལས་རིམ་པ། ཚོང་ལས་སྡེ་ཁག་གིས་བསྐྲུན་པའི་བདེ་འཇགས་ཀྱི་དྲ་བར་བརྟེན་མེད་པར། མི་སྒེར་རང་ཉིད་ལ་ཐུག་ཡོད། ད་ཆ་ཁྱིམ་གྱི་དྲ་བའི་སྟེང་དུ་ལས་ཀ་སྒྲུབ་མཁན་དང་། དྲ་བ་གང་ཞིག་ཁྱིམ་གྱི་ཡོ་ཆས་དང་སྦྲེལ་མཁན་ཚང་མར་ཆ་མཚོན་ན། འཕྲུལ་ཆས་རེ་རེར་འཇབ་རྒོལ་གྱི་ཉེན་ཁ་ཡོད་པར་ངོས་འཛིན་བྱེད་པའི་མ་དཔེ་དེ།  ཁ་ཡོད་ལག་ཡོད་ཆགས་ཡོད་ཀྱི་དོན་གནད་ཅིག་ཆགས་ཡོད།  གལ་ཏེ། ཁྱེད་རང་དྲ་སྟེང་དུ་ནད་འབུ་འགོས་ཡོད་པའི་འཕྲུལ་ཆས་ཤིག་ལ་ཐད་ཀར་སྦྲེལ་ཡོད་ཚེ། ཁྱེད་ཀྱི་གློག་ཆས་ལའང་ནད་འབུ་འགོ་བའི་ཉེན་ཁ་ཡོད་སྲིད་པ་དེ་དྲན་པར་བྱོས། 

རང་ཉིད་ཀྱི་བདེ་འཇགས་སྲ་བརྟན་བཟོ་བའི་གོམ་པ་དང་པོ་ནི། ག་དུས་ཡིན་ཡང་། ཁྱེད་ཀྱི་ཡོ་ཆས་ནང་གི་མཉེན་ཆས་ཁག་དུས་ཐོག་ཏུ་གསར་སྣོན་བྱས་ཡོད་པ་དང་། སྐར་ཁུང་དང་ཀུ་ཤུ་རྩིས་འཁོར་ནང་གི་ཉེན་སྲུང་ལྕགས་ཡོད་ཁ་ཕྱེས་ཏེ་ནུས་ཡོད་བཟོས་ཡོད་པ་ཁག་ཐེག་བྱེད་རྒྱུ་དེ་རེད། ལག་ལེན་འདིས་དྲ་བའི་སྟེང་དུ་མཐུད་ཡོད་པའི་ཡོ་ཆས་གཞན་པ་བརྒྱུད་ནས། ཁྱེད་རང་གི་རྩིས་འཁོར་ནང་དུ་སླེབས་ངེས་པའི་ཉེན་ཁའི་རིགས་ཞི་འཇམ་དུ་གཏོང་ཐུབ། 

གཉིས་པ། མ་མནན་གོང་ལ་བསམ་བློ་ཐོངས། ང་ཚོས་ནན་བཤད་བྱས་ནས་ཞུ་རྒྱུ་ཞིག་ལ། ད་ལྟའི་དུས་སྐབས་འདིར། ཁྱེད་ལ་ཡིག་ཟམ་ནང་དུ་ཟུར་སྣོན་དང་(དཔེར་ན། ཁྱེད་རང་གི་བྱིས་པའི་དགེ་རྒན་གྱི་ཕྱོགས་ནས) རེ་ལྟོས་མ་བྱས་པའི་ཡིག་ཆ་(ཁྱེད་རང་སྒེར་གྱི་སྨན་པའི་ལས་ཁུངས་ནས་བསྐུར་བའི་འཕྲོད་བསྟེན་གྱི་གནས་ཚུལ)་སོགས་སྔར་ལས་མང་བ་འབྱོར་གྱི་ཡོད་སྲིད་པས། ཟུར་སྣོན་ཁ་འབྱེད་སྐབས་དང་། འབྲེལ་ཐག་གི་སྒང་གི་བསྣུན་སྐབས་སུ། ངེས་པར་དུ་གཟབ་གཟབ་བྱེད་དགོས་ལ། དེ་དག་གི་སྒང་དུ་མ་མནན་གོང་། བསྐྱར་དུ་བསམ་བློ་གཏོང་དགོས།  གལ་ཏེ། ཁྱེད་ཀྱིས་ཇི་མེལ་ཡིག་ཟམ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཚེ། ཁྱེད་རང་གི་ཡིག་ཟམ་ནང་དུ་འབྱོར་བའི་ཟུར་སྣོན་ཚང་མ་གྷོ་གྷིལ་སྐུལ་ཆས (Google Drive) ཀྱི་ནང་དུ་ཉར་ཚགས་བྱེད་ཆོག་པ་མ་ཟད། ཁྱེད་རང་གི་ཡོ་ཆས་ཀྱི་སྟེང་ནས་ཁ་འབྱེད་རྒྱུའི་ཚབ་ཏུ། དེ་དག་གྷོ་གྷིལ་སྐུལ་ཆས་ཀྱི་ནང་དུ་ཁ་འབྱེད་ཆོག  

སྤྱིར་བཏང་གི་འབྲེལ་ཐག་དང་། གླེང་མོལ་ནང་དུ་མགྲོན་འབོད་བྱེད་སྤྱད་ཀྱི་འབྲེལ་ཐག་རིགས་བརྒྱུད་སྐུར་བྱས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བའི་ཉེན་ཁ་དང་སེམས་འཚབ་རིགས་ད་དུང་སྔར་བཞིན་མུ་མཐུད་ནས་གནས་ཡོད། གཟབ་གཟབ་བྱོས།  དྲ་ཐོག་གི་ཉེས་ཅན་པས་ཁྱེད་རང་གི་གནས་ཚུལ་རྐུ་བར་འབད་རྩོལ་བྱེད་ཀྱི་ཡོད་པས། ད་ཆ། Zoom ་མགྲོན་འབོད་ཀྱི་འབྲེལ་ཐག་རྫུན་མ་དང་། དེ་བཞིན། ཉྭ་འཛིན་གྱི་འཇབ་རྒོལ་རིགས་ཀྱི་གྲངས་ཀ་ཡར་འཕར་བཞིན་ཡོད། 

གསལ་འདེབས་གཞན་པ་ཞིག   གལ་ཏེ། ཁྱེད་རང་གྷོ་གྷིལ་གྱི་ཁོར་ཡུག་ཅིག་གི་ནང་དུ་ལས་ཀ་སྒྲུབ་ཀྱི་ཡོད་ཚེ། ཁྱེད་རང་གི་མ་ལག་བཙན་པོ་དང། ཐོན་གསར་བ་ཡིན་པའི་ཁག་ཐེག་བྱེད་པར། Chromebook རྩིས་འཁོར་དེ། ད་ཆའི་ཆར་གདམ་ག་ཡག་པོ་ཞིག་ཆགས་ཡོད། བདེ་འཇགས་ཀྱི་ཆ་ནས། Chromebook རྩིས་འཁོར་དེ་སྟབས་བདེ་བའི་ཐབས་ལམ་ཡག་ཤོས་དེ་ཡིན། དེ་བཞིན། སྐར་ཁུང་མ་ལག ༡༠་དང་། ཀུ་ཤུ་རྩིས་འཁོར་གྱི་མ་ལག་ཐོན་གསར་བའི་ཐོག་ཏུ་བསྒྱུར་ཡོད་ཚེ། དེ་གཉིས་ཀྱང་བདེ་འཇགས་ཡིན། འོན་ཀྱང་། ཁྱེད་ཀྱིས་རང་ཉིད་ཀྱི་རྩིས་འཁོར་ནང་དུ་ཟུར་སྣོན་མང་པོ་ཕབ་ལེན་བྱེད་ཀྱི་ཡོད་ཚེ། དྲ་ཐོག་གི་འཇབ་རྒོལ་ཐེབས་པའི་ཉེན་ཁ་ཆེན་པོ་ཡོད། 

གསུམ་པ།  བརྒྱུད་སྐུར་མ་བྱས་གོང་དུ་བསམ་བློ་ཐོངས། འཕྲུལ་རིག་དང་འབྲེལ་བའི་གནས་ཚུལ་དང་ཏོག་དབྱིབས་ནད་དུག་སྐོར་གྱི་གསར་འགྱུར་སོགས་བརྒྱུད་སྐུར་བྱེད་སྐབས་ཡིད་གཟབ་བྱེད་དགོས། བོད་མིའི་སྤྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་འགྲོ་བཞིན་པའི་གནས་ཚུལ་རྫུན་མ་ཟེར་བའི་བློ་བཟང་ལགས་ཀྱི་ཟིན་བྲིས་འདི་ཀློག་རོགས། 

མཐའ་མར། ཁེ་སི་ཕར་སི་ཀའེ་( Kaspersky)་དྲ་རྒྱའི་བདེ་འཇགས་བཟོ་ཚོང་ཁང་གིས་བོད་ཀྱི་ཆུ་ཁུང་འཇབ་རྒོལ་(Tibetan waterhole attacks)ཟེར་བའི་སྙན་ཐོ་ཞིག་བཏོན་ཡོད། སྙན་ཐོ་དེའི་ནང་དུ། ནད་འབུ་འགོས་ཡོད་པའི་དྲ་ཚིགས་གང་རུང་ལྟ་ཀློག་བྱས་ཚེ། རང་ཉིད་ཉེན་ཁའི་གནས་སུ་བསྐྱལ་ངེས་པ་གསལ་སྟོན་བྱས་ཡོད། ཁེ་སི་ཕར་སི་ཀའེ་བཟོ་ཚོང་ཁང་གིས། བོད་ཀྱི་གནད་ཡོད་དྲ་ཚིགས་གང་མང་ཞིག་ལ། ཕྱི་ལོ་༢༠༡༩་ལོའི་ཟླ་༥་ནས་བཟུང་ནད་འབུ་འགོས་ཡོད་པའི་གནས་ཚུལ་སྤེལ་ཡོད། 

གནས་སྟངས་འདི་འདྲའི་ཁྲོད་དུ། མི་སྒེར་ཞིག་གིས་ག་རེ་བྱེད་ཐུབ་མིན་ནི་དྲི་བ་ཆེན་པོ་ཞིག་ཡིན། བསྐྱར་དུ་ཞུ་རྒྱུར། སྒུག་ནས་མ་སྡོད། གསར་སྣོན་བྱོས་དང་། མ་མནན་སྔོན་ལ་བསམ་བློ་ཐོངས་གཉིས་ནི་སྲུང་སྐྱོབ་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན། དཔེར་ན། ཁྱེད་རང་གིས་ལྟ་ཀློག་བྱེད་སའི་དྲ་ཚིགས་དེས། Flash plugin ཁ་སྣོན་ཡོ་ཆས་དང་གསར་སྣོན་རིགས་ཕབ་ལེན་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་ཚེ།  རེ་སྐུལ་དེ་དག་གི་སྒང་དུ་མ་མནན་གོང་། དེ་སྔོན་དྲ་ཚིགས་དེར་ལྟ་སྐབས་ཆ་རྐྱེན་དེ་འདྲ་མི་དགོས་ཀྱང་། ད་ཆ་དགོས་དོན་ག་རེ་ཡིན་ནམ་ཞེས་རང་ཉིད་ལ་དྲི་བ་འདྲི་དགོས།  བསྐྱར་དུ་འཕྲུལ་རིག་གི་གཟུངས་སྔགས་དེ་ཡིད་ལ་དྲན་པར་བྱོས། ༼རང་ཉིད་ཀྱི་རྩིས་འཁོར་མ་ལག་གནས་སྣོན་བྱོས། མ་བསྣུན་གོང་ལ་བསམ་བློ་ཐོངས།༽

དེ་ནས་ད་ལྟའི་དྲི་བ་གཙོ་བོ་ཞིག་ནི། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་མང་དག་ཅིག་གིས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གང་ཞིག་ལ། ད་ཆ་སྔར་ལས་མང་བ་བཀོལ་སྤྱོད་བྱེད་ཀྱི་ཡོད་སྲིད་པའི་འབྲེལ་མཐུད་ཀྱི་ཡོ་ཆས་རིགས། དཔེར་ན། Zoom དང་Slack སོགས་ལ་བདེ་འཇགས་ཡོད་མེད་ཀྱི་སྐོར་དེ་ཡིན།

གཅིག་བྱས་ན། ཁྱེད་ཀྱིས་Zoom ནང་གི་མི་གཉིས་བར་གྱི་གཟུགས་མཐོང་གླེང་མོལ་གྱི་བརྒྱུད་རིམ་ལ་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་སྐོར་གྱི་གསར་འགྱུར་དེ་གོ་ཐོས་བྱུང་ཡོད་སྲིད། མི་སེར་ཚོད་ལྟ་ཁང་གི་ཉམས་ཞིབ་ཀྱི་སྙན་ཐོར་གཞིར་བཞག་ནས་ཐག་གཅོད་བྱུང་བའི་ང་ཚོའི་མཐའ་སྡོམ་ནི། Zoom ནང་དུ། སྤུས་དག་ཅིང་ཡིད་བརྟན་འཕེར་བའི་བརྙན་ལམ་གྱི་ཆ་འཕྲིན་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། སྲོལ་རྒྱུན་གྱི་ཁ་པར་གཏོང་ལེན་གྱི་མི་མང་གི་མཉམ་འདུས་གླེང་མོལ་གྱི་ཚོགས་འདུ་ལྟ་བུའི་རིགས་བདེ་འཇགས་མིན།  མི་མང་པོ་ཞིག་དུས་མཉམ་གཅིག་ཏུ་གཟུགས་མཐོང་གླེང་མོལ་གྱི་ནང་དུ་བསྐོང་ཐུབ་པ་གང་ཞིག་ལ། ཚོགས་འདུའི་ནང་དུ་ཞུགས་མི་ཚོས་ཐོ་འགོད་དང་། སྒེར་གྱི་གནས་ཚུལ་གང་ཡང་ཡར་འཇུག་བྱེད་མ་དགོས་པར་མཉམ་ཞུགས་བྱེད་ཆོག་པ་དེ་ནི། མི་ཚོགས་སྐོང་བྱེད་ཀྱི་ལམ་ཁ་ཡག་པོ་ཞིག་ཡིན། འོན་ཀྱང་། Zoom ནང་གི་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་ཟེར་བའི་བསྒྲགས་གཏམ་དེ་རྫུན་མ་རེད། 

ན་ཐན་ལགས་ཀྱིས་རྒྱང་བསྲིངས་ལེ་ཚན་ནང་དུ་འགྲེལ་བཤད་བསྐྱོན་པ་ལྟར།  འཛོམས་ནང་གི་སྣེ་གཉིས་བར་གྱི་གསང་སྡོམ་དེ་དབུས་ཀྱི་དབང་འཛིན་བྱེད་པོ་གཅིག་རང་གི་དོ་དམ་དང་འགྲེམས་སྤེལ་ལ་བརྟེན་ཡོད་པས། ལག་རྩལ་མཁས་པའི་འཇབ་རྒོལ་པ་དང་ཁྲིམས་ལུགས་ཚན་པས་ཁོང་ཚོའི་སྒྲོམ་གཞིའི་ནང་དུ་ལས་ཀ་བྱས་ཚེ། དེའི་ལྟ་བུའི་སྣེ་གཉིས་བར་གྱི་གསང་སྡོམ་བར་མཚམས་ནས་གཏོར་རྒོལ་དང་ཉམས་དམས་སུ་གཏོང་ཐུབ། གང་ཡིན་ཞེ་ན། མི་སྒེར་ཞིག་གིས་གསང་སྡོམ་གྱི་ལྡེ་མིག་དང་ཡང་ན། གཟུགས་མཐོང་མཉམ་འདུས་གླེང་མོལ་བདེ་འཇགས་ཡིན་མིན་བདེན་དཔང་དང་ཁག་ཐེག་བྱེད་པའི་ལམ་ཁ་མེད། དེའི་དོན་ནི། ཁྱེད་ཀྱི་གླེང་མོལ་གྱི་ནང་དོན་གསང་སྡོམ་བྱས་ཡོད་སྟབས། Zoom ནང་དུ་ཁྱེད་ཀྱིས་གང་བཤད་པ་ཐམས་ཅད་ཐོ་འགོད་དང་ཉར་ཚགས་བྱེད་ཀྱི་མེད། འོན་ཀྱང་། བརྡ་རྟགས (མི་གཉིས་བར་གྱི་གཟུགས་མཐོང་གླེང་མོལ)་དང་WhatsApp (མི་གཉིས་ནས་བཞི་བར་དུ་གཟུགས་མཐོང་གླེང་མོལ་བྱེད་ཆོག) གཉིས་ཀྱིས་མཁོ་སྤྲོད་བྱེད་བཞིན་ཡོད་པའི་ཡོ་ཆས་གཉིས་བར་གྱི་གསང་སྡོམ་དེ་མེད།  དཔེར་ན། བརྡ་རྟགས་ཀྱི་ནང་དུ། ཁ་པར་དང་རྩིས་འཁོར་རེ་རེའི་བར་གྱི་འབྲེལ་མཐུད་ཆ་ཚང་གསང་སྡོམ་བྱས་ཡོད་སྟབས། བརྡ་རྟགས་ཀྱི་དྲ་བའི་ཞབས་ཞུའི་ངོས་ནས་ཀྱང་། ཁྱེད་རང་གིས་གང་བཤད་པ་དག་ལྐོག་ལྟ་དང་ལྐོག་ཉན་བྱེད་མི་ཐུབ། FaceTime ནང་དུ་གསང་སྡོམ་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། དེ་བཀོལ་སྤྱོད་བྱེད་པར། དང་ཐོག་ཁྱེད་ལ་ཀུ་ཤུ་ཁ་པར་དགོས་པ་མ་ཟད། དེ་ནི་ཁུངས་འབྱེད་མཉེན་ཆས་མིན་ལ། ཁེ་སྤོགས་ཀྱི་ཆེད་དུ་བཟོས་པའི་སྒེར་བདག་ཅན་གྱི་Zoom དང་ Slack ཆ་འདྲ་བས། བརྟན་པོ་ག་ཚོད་ཅིག་ཡོད་མེད་བཤད་དཀའ།

ཁུངས་འབྱེད་མཉེན་ཆས་ཀྱི་འབྲེལ་མཐུད་ཞབས་ཞུའི་རིགས། དཔེར་ན། Jitsi Meet དང་། Matrix(དང་དེའི་རིན་མེད་ཀྱི་བཀོལ་ཆས་Riot) ལྟ་བུའི་མཉེན་ཆས་ཀྱི་ཨང་ཚབ་དང་བྱེད་ལས་ཁག་ལ་མངོན་ལྐོག་གི་ཆ་གང་ཡང་མེད་པར། ཆ་ཚང་ཕྱི་གསལ་ནང་གསལ་ཡིན། དྲ་ཚིགས་ཤིག་དང་འདྲ་བར། དྲ་བའི་ཞབས་ཞུ་སྒྲིག་བཟོ་བྱེད་ཤེས་མཁན་གྱི་མི་སུ་འདྲ་ཞིག་ཡིན་རུང་དེ་གཙོ་སྐྱོང་བྱེད་ཆོག   ཁྱེད་ཀྱིས་གྷར་ཌིན་ལས་འཆར་གྱི་རྒྱང་བསྲིངས་ལེ་ཚན་གསར་ཤོས་དེ་བརྒྱུད་ནས། གནད་དོན་དེའི་སྐོར་དང་། ཁུངས་འབྱེད་མཉེན་ཆས་ཀྱི་བརྙན་ལམ་དང་སྐད་སྒྲའི་ཚོགས་འདུའི་སྐོར་ལ་མང་བ་གསན་ཆོག 

གནས་ཚུལ་གནད་བསྡུས་བྱས་ན། གལ་ཏེ་ཁྱེད་ལ་གསང་རྒྱ་དགོས་ཚེ།   གཞན་ལ་ཁ་པར་གཏོང་བ་དང་། མི་གཉིས་བར་གྱི་གཟུགས་མཐོང་གླེང་མོལ་རིགས་བརྡ་རྟགས་བཀོལ་ཆས་ནང་དུ་འགོ་འཛུགས་བྱོས། གལ་ཏེ་ཚོགས་པའི་ཁ་བརྡ་དང་གཟུགས་མཐོང་མཉམ་འདུས་གླེང་མོལ་བྱེད་འདོད་ཚེ། ང་ཚོའི་ངོས་ནས།  ཁུངས་འབྱེད་མཉེན་ཆས་ཀྱི་གདམ་གའི་རིགས། དཔེར་ན། Jitsi Meet དང་། Matrix དྲ་བའི་སྟེང་གི་རིན་མེད་ཀྱི་བཀོལ་ཆས་Riot་ལྟ་བུ་བཀོལ་སྤྱོད་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད། 

གྷར་ཌིན་ལས་འཆར་དང་མཉམ་འབྲེལ་བྱེད་བཞིན་པའི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་བརྒྱུད་དེ། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་Jitsi Meet སྒྲིག་བཟོ་བྱེད་པའི་ལས་ཀ་སྒྲུབ་བཞིན་ཡོད། དེའི་དོན་ནི། ང་ཚོས་དྲ་བའི་ཞབས་ཞུ་ཞིག་ཁ་འབྱེད་པ་དང་སྒོ་བརྒྱབ་ཐུབ་པའི་ཐོག་ནས་Jitsi་ལས་ཀ་རྩོམ་དུ་འཇུག་ཐུབ་པས། བདེ་འཇགས་འགན་ལེན་དང་ཁག་ཐེག་བྱེད་ཐུབ། གལ་ཏེ། ཁྱེད་རང་གིས་འདིའི་སྐོར་ལ་མང་བ་མཁྱེན་འདོད་པའམ། ཁྱེད་རང་ཉིད་ཀྱིས་Jitsi Instance སྒྲིག་བཟོ་བྱེད་ཕྱོགས་སྐོར་སྦྱང་འདོད་ཡོད་ཚེ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ལ་འབྲེལ་བ་བྱེད་ཆོག  [email protected].ང་ཚོས་བོད་ཀྱི་ཚོགས་པ་ཁག་ལ་དྲ་བའི་ཞབས་ཞུ་འདིའི་སྐོར་ངོ་སྤྲོད་བྱེད་པའི་ཆེད་དུ། ང་ཚོའི་ངོ་ཤེས་པའི་ཚོགས་པ་རེ་རེར་འབྲེལ་གཏུགས་བྱེད་ངེས་ཡིན། གང་ཡིན་ཞེ་ན། ཚོགས་པ་ཁག་གི་ལས་ཀ་གལ་ཆེན་རིགས་མུ་མཐུད་ནསབསྒྲུབ་པར། བརྙན་ལམ་གླེང་མོལ་གྱི་སྡིངས་ཆ་བརྟན་པོ་ཞིག་དགོས་ཀྱི་ཡོད། 

ང་ཚོའི་གསལ་འདེབས་མཐའ་མ། གལ་ཏེ། ཁྱེད་རང་ལ་ནད་དུག་ཕོག་ཚེ། མང་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་མི་སྣས་ཁྱེད་རང་དང་ཁྱེད་རང་གི་སྡོད་གནས་རྗེས་འདེད་གཏོང་ཐུབ་པའི་ཆེད་དུ་བཟོས་པའི་མཉེན་ཆས་གསར་བའི་རིགས་ལ་དོགས་ཟོན་བྱེད་དགོས། མཉེན་ཆས་དེ་དག་ཁྱེད་རང་གི་ས་གནས་སུ་ཁྱབ་སྤེལ་འགྲོ་བཞིན་པའི་ནད་དུག་སྐོར་གྱི་གནས་ཚུལ་གལ་ཆེན་ཁག་བསྡུ་ལེན་བྱེད་པའི་ཆེད་དུ་ཡིན། འོན་ཀྱང་། མཉེན་ཆས་འདིའི་རིགས་ལ་འདྲི་དཔྱོད་དང་དབྱེ་ཞིབ་མང་པོར་མེད་པའི་ཐོག་ནས་དྲ་ལམ་དུ་མགྱོགས་པོར་སླེབས་ཡོང་གི་ཡོད་ལ། དུས་ད་ལྟའི་ཆར། སྲིད་གཞུང་མང་པོ་ཞིག་གིས་མཉེན་ཆས་དེ་དག་མི་མང་གིས་བཀོལ་སྤྱོད་བྱེད་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་རུང་། དེས་ག་ཚོད་ཅིག་ཕན་གྱི་ཡོད་མེད་གསལ་པོ་མེད། 

ངེས་པར་དུ་སེམས་ལ་དྲན་དགོས་པའི་གནད་དོན་གལ་ཆེན་ཞིག་ནི།  ཁྱེད་ཀྱིས་མཉེན་ཆས་གང་རུང་ཞིག་ལ་སྤྲད་པའི་ཆོག་མཆན་བརྒྱུད་ནས། མཉེན་ཆས་དེས་ཁྱེད་རང་གི་སྡོད་གནས་རྗེས་འདེད་གཏོང་ཐུབ་པ་དང་ཁ་པར་ནང་གི་འབྲེལ་ཐོ་སོགས་རག་ཐུབ་ཀྱི་ཡོད་པ་དེ་ཡིན། ང་ཚོས་མང་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཐོབ་ཐང་གཙིགས་སུ་བཟུང་འདོད་ཀྱང་། དེའི་ཆེད་དུ་སྒེར་གྱི་གསང་རྒྱ་བློས་གཏོང་མི་ཐུབ། 

རྗེས་འདེད་གཏོང་བྱེད་ཀྱི་མཉེན་ཆས་བེད་སྤྱོད་ཡག་པོ་གཏོང་བཞིན་པའི་ད་ལྟའི་དཔེ་མཚོན་ཡག་པོ་ཞིག་ནི། སིང་གྷ་ཕོར་སྲིད་གཞུང་གིས་བཟོས་པའི་མཉམ་དུ་རྗེས་འདེད་(Trace Together)་ཟེར་བའི་མཉེན་ཆས་དེ་ཡིན། གཞི་གྲངས་རིགས་དྲ་སྟེང་དུ་མ་ཉར་བའི་ཐོག་ནས། ཁྱེད་ཀྱི་ཉེ་འགྲམ་དུ་མཉེན་ཆས་དེ་བཀོལ་སྤྱོད་བྱེད་མཁན་ཡོད་ཚེ། མི་དེ་དག་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།  གལ་ཏེ། མི་ཚང་མས་མཉམ་དུ་རྗེས་འདེད་ཟེར་བའི་མཉེན་ཆས་དེ་མཉམ་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཚེ། ཁྱེད་ཀྱིས་སོ་སོའི་ཉེ་འགྲམ་གྱི་མི་མང་པོ་ཞིག་གི་ཐོ་གཞུང་ཕྱོགས་བསྡུས་བྱེད་ཐུབ། དེ་ནས། ཁྱེད་ལ་ཏོག་དབྱིབས་ནད་དུག་འགོས་ཚེ། ཐོ་གཞུང་ནང་གི་མི་དེ་དག་བཙལ་ཏེ། ཁོང་ཚོར་ཡང་ནད་དུག་འགོས་ཡོད་སྲིད་པའི་བརྡ་ལན་ཕུལ་ཆོག  

གལ་ཏེ། ཁྱེད་ཀྱིས་འདིའི་སྐོར་དང་བདེ་འཇགས་ཡོད་པའི་རྗེས་འདེད་ཀྱི་མཉེན་ཆས་རིགས་ཀྱི་གདམ་གའི་སྐོར་ལ་མང་བ་མཁྱེན་འདོད་ཡོད་ཚེ།  ཡང་བསྐྱར། ན་ཐན་ལགས་ཀྱི་རླུང་འཕྲིན་ལེ་ཚན་ལ་གསན་རོགས། 

མདོར་བསྡུས་ན།  ཁྱེད་རང་ཁྱིམ་དུ་བསྡད་དེ་ལས་ཀ་བསྒྲུབ་ཀྱི་ཡོད་པའམ།  སོ་སོ་རང་ཉིད་དང་རང་ཉིད་ཀྱི་ནང་མི་ཚོའི་བདེ་འཇགས་བརྟན་སྲུང་དང་འབྲེལ་བའི་གནས་ཚུལ་གལ་ཆེན་རིགས་རག་ཐུབ་པའི་ཆེད་དུ། འཕྲུལ་ཆས་ཀྱི་སྐོར་འཚོལ་ཞིབ་བྱེད་ཀྱི་ཡོད་ཚེ།  གསང་རྒྱ་དང་བདེ་འཇགས་གཙིགས་སུ་འཛིན་དགོས་རྒྱུ་དེ་ཡིད་ལ་དྲན་པར་བྱོས།  འཕྲུལ་རིག་བདེ་འཇགས་དང་འབྲེལ་མཐུད་ཀྱི་ལྟ་ཚུལ་ངོས་ནས་གླེང་ན། འདིས། ང་ཚོ་སྔར་ལས་སྟོབས་ཤུགས་ལྡན་པའི་ཐོག་ནས་ནད་དུག་གི་འཆང་རྒྱ་འདི་ལས་གྲོལ་ཐུབ་པར་རོགས་འདེགས་བྱེད་ངེས། 

མཐའ་མར། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་མུ་མཐུད་ནས་གནས་ཚུལ་གསར་བ་རིགས་དུས་བསྟུན་ཁ་གསབ་བྱས་ཏེ། ཁྱེད་ལ་མཁོ་སྤྲོད་བྱེད་ངེས།

འཚོ་བའི་ཁྲོད་དང་དྲ་ལམ་གཉིས་ཀ་ནས་བརྟན་པོར་གནས་རོགས།

Leave a Reply

Your email address will not be published.

This site uses Akismet to reduce spam. Learn how your comment data is processed.

Top