ཁོར་ཡུག་སྲུང་སྐྱོབ།

འཛམ་གླིང་ཁྱོན་ཡོངས་སུ། མི་མང་གི་ངོས་ནས་ཤིང་ནགས་གཅོད་འབྲེག་དང་། གནམ་གཤིས་འགྱུར་ལྡོག གཏེར་ཁ་བསྔོག་འདོན་སོགས་དང་འབྲེལ་བའི་གནད་དོན་སྐོར་ལ་ལས་འགུལ་བཀོད་སྒྲིག་བྱེད་ཀྱི་ཡོད་པའི་དཔེ་མཚོན་བགྲང་གིས་མི་ལངས་བ་ཡོད། བོད་ནི་འཛམ་གླིང་གི་ཡང་རྩེ་རུ་གནས་ཡོད་པས། གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་དམིགས་བསལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་མ་ཟད། གནས་སྟངས་དེ་རྒྱ་ནག་གི་བོད་བཙན་བཟུང་དང་། རང་བྱུང་ཐོན་ཁུངས་བཤུ་གཞོག་ལ་བརྟེན་པའི་ཁོང་ཚོའི་དཔལ་འབྱོར་ལམ་ལུགས་ཀྱིས་ལྷག་ཏུ་ཚབས་ཆེ་རུ་གཏོང་གི་ཡོད། གཤམ་དུབོད་ནང་དང་། ་འཛམ་གླིང་ཡོངས་སུ། མི་མང་གི་ངོས་ནས་འཐབ་བྱུས་ལྡན་པའི་ལས་འགུལ་སྤེལ་ཏེ།་ཁོར་ཡུག་སྲུང་སྐྱོབ་བྱས་པའི་ཡིད་དབང་འགུག་པའི་དཔེ་མཚོན་ཁ་ཤས་ཡིན།

རྫ་སྟོད་ཁུལ་གྱི་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི།

བོད་ནང་གི་ཁམས་རྫ་སྟོད་ཀྱི་མི་མང་རྣམས་ཀྱིས་མཉམ་རུབ་སྒོས་འཐབ་བྱུས་ལྡན་པའི་ལས་འགུལ་སྤེལ་ཏེ། ས་ཁུལ་དེའི་ནང་གི་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི་བཀག་འགོག་བྱས་ཏེ། རྒྱལ་ཁ་ཆེན་པོ་ལེན་ཐུབ་ཡོད།

མང་ཙམ་ཀློགས།

སྤྲེའུ་སྣ་དུམ།

རྒྱ་ནག་གི་ཁོར་ཡུག་ལས་འགུལ་བའི་འབད་བརྩོན་ལ་བརྟེན་ནས། ཤིང་ནགས་གཅོད་འབྲེག་མཚམས་འཇོག་བྱེད་དུ་བཅུག་སྟེ། སྟོངས་ལ་ཉེ་བའི་སྤྲེའུ་སྣ་དུམ་སྲུང་སྐྱོབ་བྱེད་ཐུབ་ཡོད་ལ། རྒྱ་ནག་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བསླངས་ཡོད།

མང་ཙམ་ཀློགས།

སྟག་མཆོངས་གྲོག་རོང་།

ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཁག་དྲུག་གི་སྡེ་མི་ཚོས་མཉམ་རུབ་ཀྱི་ཐོག་ནས།འཛམ་གླིང་ནང་གི་ རྒྱུག་ཆུ་འབབ་སའི་ལུང་ཤུར་གཏིང་རིང་ཤོས་ཀྱི་གྲས་ཡིན་པའི་སྟག་མཆོངས་གྲོག་རོང་གི་ཆུ་མཛོད་ལས་གཞི་བཀག་འགོག་བྱས་ཡོད།

མང་ཙམ་ཀློགས།

ཏ་ལེན་གྱི་རྫས་འགྱུར་བཟོ་གྲྭ

མི་མང་ཁྲི་སྟོང་མང་པོ་དྲྭ་ཐོག་དང་ཁྲོམ་གཞུང་དུ་མཉམ་འཛོམས་བྱས་ཏེ། རྒྱ་ནག་གི་ཏ་ལེན་ས་ཆའི་ནང་གི་རྫས་འགྱུར་བཟོ་གྲྭ་བཙན་གྱིས་སྒོ་རྒྱག་ཏུ་བཅུག་ཡོད།

མང་ཙམ་ཀློགས།

མེ་ཤོད་ཀྱི་ཤིང་ནགས།

ཕྱི་ལོ་༢༠༡༠་ལོར། མེ་ཤོད་མང་ཚོགས་ཀྱིས་ཐད་ཀར་ཐེ་གཏོགས་ཀྱི་ལམ་ནས།ཤིང་ནགས་གཅོད་འབྲེག་བྱེད་མཁན་རྣམས་ནགས་ཚལ་ནས་གནས་དབྱུང་བཏང་སྟེ། སོ་སོའི་ས་ཆ་གཏོར་བཤིག་ལས་སྐྱོབ་ཐུབ་པ་བྱུང་ཡོད།

མང་ཙམ་ཀློགས།

ཇེམ་སི་བྷེ་ཆུ་མཛོད།

ཁེ་ན་ཊའི་ནང་གི་ཨེ་ནོ་ཊ་དང་ཁི་རེའི་ཡུལ་མི་ཚོས།

ལོ་ངོ་སུམ་ཅུ་ལྷག་གི་རིང་དུ། ཇེམ་སི་བྷེ་ཆུ་མཛོད་ལས་གཞི་ལ་འཐབ་རྩོད་བྱས་མཐར། གསར་གཏོད་རང་བཞིན་གྱི་དྲིལ་བསྒྲགས་ཀྱི་ལས་འགུལ་བརྒྱུད་དེ། ཆུ་མཛོད་ལས་གཞི་རིམ་པ་གཉིས་པ་བཀག་འགོག་བྱས་ཡོད།

མང་ཙམ་ཀློགས།

ཀུ་ཤུ་བཟོ་ཚོང་ཁང་གི་དུག་རྫས་མཁོ་འདོན།

མང་ཚོགས་དང་ཁོར་ཡུག་ལས་དོན་བསྟི་གནས་ཁང་ཐེ་བའི་མཉམ་འབྲེལ་གྱི་ཚོགས་པ་ཁག་གིས།ཀུ་ཤུ་བཟོ་ཚོང་ཁང་ལྟ་བུའི་རྒྱལ་མང་ཚན་རྩལ་བཟོ་ཚོང་ཁང་ཁག་གི་ངོས་ནས་་སོ་སོའི་ཐོན་རྫས་ཀྱི་སྙིགས་རོ་གཙང་བཟོ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད།

མང་ཙམ་ཀློགས།

པེ་ཅིན་གྱི་མཁའ་རླུང་སྤུས་ཚད་འཇལ་བྱེད་ཀྱི་མ་ལག PM2.5

ཕྱི་ལོ་༢༠༡༢་ལོར། ཁྱབ་ཆེ་བའི་དྲྭ་ཐོག་གི་གནོན་ཤུགས་ལ་བརྟེན་ནས། རྒྱ་ནག་གི་གཞུང་གིས་མཁའ་རླུང་གི་སྤུས་ཚད་འཇལ་བྱེད་ཀྱི་མ་ལག་ལ་འགྱུར་བ་བཏང་སྟེ། སྤུས་ཚད་ངོ་མ་དེ་སྟོན་དགོས་པ་ཆགས་ཡོད།

མང་ཙམ་ཀློགས།

རྫ་སྟོད་ཁུལ་གྱི་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི་བཀག་པ།

བོད་ཤར་ཕྱོགས་སུ་གནས་པའི་རྫ་སྟོད་ཀྱི་གནས་རི་རྩ་ཆེན་ཁག་གི་འདབས་སུ།ཁྲིམས་འགལ་གྱི་སྒོ་ནས་གཏེར་ཁ་བསྔོགས་འདོན་བྱས་པ་དེས། ས་ཆ་དེར་ཉེན་ཚབས་ཆེན་པོ་བཟོས་པར་བརྟེན། ས་དེའི་མི་མང་གིས།གཏེར་ཁ་བསྔོག་འདོན་གྱི་ལས་གཞི་བཀག་འགོག་བྱེད་ཆེད་ལས་འགུལ་སྤེལ་བ་རེད། བོད་མི་ཚོས་འཐབ་བྱུས་ལྡན་པའི་ཐོག་ནས་ལས་འགུལ་དེ་རྒྱ་ནག་གི་ཚོང་དོན་ལ་ངོ་རྒོལ་བྱེད་པ་མ་ཡིན་པར། ལྐོག་ཟ་རུལ་ཟུངས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ཏུ་སྒྲོམ་སྒྲིག་བྱས་པ་རེད།སྐབས་ཤིག་ལ། དྲག་ཆས་ཉེན་རྟོག་པ་ཚོས་ངོ་རྒོལ་བ་རྣམས་ལ་གཅར་རྡུང་དང་རྨས་སྐྱོན་ཚབས་ཆེན་བཟོས་ཀྱང་། ཁོང་ཚོ་མུ་མཐུད་ནས་མཐུན་སྒྲིལ་ངང་གནས་ཡོད། གཏེར་ཁ་བསྔོག་མཁན་གྱི་འགོ་ཁྲིད་དང་། རྫ་སྟོད་སྲིད་གཞུང་གི་འཐུས་མི། པེ་ཅིན་གྱི་འགོ་ཁྲིད་བཅས་ལ་གནོན་ཤུགས་སྤྲོད་པ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་་གིས་ངོ་རྒོལ་ལས་འགུལ་གྱི་སྐོར་ཁྱབ་སྤེལ་བྱས་པ་བརྒྱུད་དེ། ཁོང་ཚོས་ས་ཁུལ་དེ་རྒྱལ་ཡོངས་ཀྱི་རང་བྱུང་ཁོར་ཡུག་སུང་སྐྱོབ་ས་ཁུལ་ཡིན་པའི་ངོས་འཛིན་འཐོབ་ཏུ་འཇུག་ཐུབ་ཡོད། འདི་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་ལ། བོད་མི་སྤྱི་ཡོངས་ལ་མཚོན་ན། མིག་དཔེ་བཟང་པོ་་ཞིག་ཀྱང་ཡིན།

 

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

༡༽མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།

༢༽ཐད་ཀར་གྱི་ཐེ་བྱུས།

༣༽སྙན་ཞུ་འབུལ་བ་དང་ཡི་གེ་འབྲི་བ།

༤༽ཁྲིམས་ཐོག་གི་རྩོད་སྒྲུབ།

འགུལ་རིས་དཔེ་ཆ་ཀློག་རོགས།

ཇི་ལྟར་སྤྲེའུ་སྣ་དུམ་གྱིས་རྒྱ་ནག་ནང་དུ་ཁོར་ཡུག་ལས་འགུལ་བསླངས་ཡོད།

བོད་ཤར་ཕྱོགས་ཡུན་ནན་བདེ་ཆེན་རྫོང་ནང་གི་སྤྲེའུ་སྣ་དུམ་གྱིས། ་རྒྱ་ནག་ནང་འབྲེལ་མཐུད་རང་བཞིན་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཐེངས་དང་པོ་བསླངས་པ་རེད། ནགས་ཚལ་སྤྱིའི་ས་ཁྱོན་གྱི་བརྒྱ་ཆ་༢༠% ནང་དུ་ཤིང་ནགས་གཅོད་འབྲེག་བྱས་པ་ལ་བརྟེན་ནས། སྤྲེའུ་སྣ་དུམ་རེ་ཞིག་སྟོངས་ལ་ཉེ་བར་བཟོས་ཡོད། རྒྱ་ནག་ནང་སྐད་གྲགས་ཆེ་བའི་ཁོར་ཡུག་ལས་འགུལ་པ་ཚོས།  ལོ་ངོ་དུ་མའི་རིང་དུ། ལས་འགུལ་རིམ་པ་གཉིས་བཀོད་སྒྲིག་བྱས་པ་བརྒྱུད་དེ།རྒྱ་ནག་གི་ཚོགས་སྡེ་ཁག་གི་གོ་རྟོགས་མཐོ་རུ་བཏང་ཡོད་པ་མ་ཟད། དཔོན་རིགས་ཚོའི་ངོས་ནས་ཐེ་བྱུས་བྱེད་དགོས་པ་བཟོས་ཡོད། ཁོང་ཚོའི་འབད་བརྩོན་གྱིས་རྒྱ་ནག་གི་ལས་འགུལ་བ་ཚོར་འབྲེལ་མཐུད་དང་ནུས་པ་གསར་པ་བསྐྲུན་པ་མ་ཟད། རྒྱ་ནག་ནང་གི་མ་འོངས་པའི་ཁོར་ཡུག་དང་འབྲེལ་བའི་ལས་འགུལ་ཁག་གི་གཞི་རྩ་འདིངས་པར་རོགས་འདེགས་བྱས་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

༡༽དྲིལ་བསྒྲགས་ཀྱི་ལས་འགུལ།

༢༽སྙན་ཞུ་འབུལ་བ་དང་ཡི་གེ་འབྲི་བ།

༣༽དངོས་བྱུང་གློག་བརྙན།

སྟག་མཆོངས་གྲོག་རོང་གི་ཆུ་མཛོད་ལས་གཞི་བཀག་འགོག

ཡུན་ནན་ཞིང་ཆེན་རིམ་པའི་སྲིད་གཞུང་དང་། ཧྭ་ནིན་ནུས་ཤུགས་མཉམ་འབྲེལ་ཚོང་ལས་ཁང་གཉིས་ཀྱིས།འཛམ་གླིང་ནང་གི་ རྒྱུག་ཆུ་འབབ་སའི་ལུང་ཤུར་གཏིང་རིང་ཤོས་ཀྱི་གྲས་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གནའ་ཤུལ་སྲུང་སྐྱོབ་ས་གནས་སུ་ཆུ་མཛོད་གསར་རྒྱག་བྱེད་རྒྱུའི་འཆར་གཞི་བཏིངས་ཡོད་ལ། ལས་གཞི་དེའི་རྐྱེན་གྱིས་ས་ཞིང་དང་། སེམས་ཅན་རིགས་མི་འདྲ་བ་༢༠༠ ལྷག་ཆུའི་ནང་དུ་ནུབ་ཀྱི་ཡོད་པ་མ་ཟད། བོད་མི་དང་། ན་ཞི། པེ་རིགས། ཡི་རིགས།  མེའོ་རིགས། ལིས་སོ་བཅས་ཐེ་བའི་ས་གནས་མི་མང་འབུམ་གཅིག་ལྷག་གནས་སྤོ་བྱེད་དགོས་པ་ཆགས་ཀྱི་ཡོད། ས་གནས་ཀྱི་ཚོགས་སྡེ་ཁག་མཉམ་རུབ་བྱས་ཏེ། ལས་འགུལ་བཀོད་སྒྲིག་དང་། གནས་ཚུལ་ཁྱབ་སྤེལ།ངོ་རྒོལ་སྐད་འབོད་སོགས་བྱས་པ་ལ་བརྟེན་ནས། མཐའ་མར། ཁོང་ཚོས་སྟག་མཆོངས་གྲོག་རོང་དུ་ཆུ་མཛོད་རྒྱག་པའི་ལས་གཞི་དེ་བདེ་ལེགས་ངང་ཕྱིར་འཐེན་བྱེད་དུ་བཅུག་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

༡༽དྲིལ་བསྒྲགས་ཀྱི་ལས་འགུལ།

༢༽སྙན་ཞུ་འབུལ་བ་དང་ཡི་གེ་འབྲི་བ།

༣༽མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།

ཏ་ལེན་ནང་དུ་དུག་རྫས་མི་དགོས། རྫས་འགྱུར་བཟོ་གྲྭ་སྒོ་རྒྱག་དགོས།

ཆར་རླུང་དྲག་པོ་ཞིག་འཚུབ་ཏེ་ཏ་ལེན་གྲོང་ཁྱེར་ནང་གི་རྫས་སྦྱོར་བླུགས་སྣོད་ཉི་ཤུ་ལ་གཏོར་སྐྱོན་ཕོག་དུས། ས་གནས་མི་མང་གིས་དྲྭ་ཐོག་ཏུ་སྲིད་གཞུང་གི་ངོས་ནས་དུག་རྫས་ཕྱི་ལ་ཐོན་མེད་ཟེར་བའི་ཁྱབ་བསྒྲགས་དེར་དོགས་སློང་བྱས། བཟོ་གྲྭ་དེ་ཐོག་མར་འཛུགས་དུས་ལུགས་མཐུན་གྱི་འགྲོ་ལུགས་གཉེར་མེད་པའི་གནས་སྟངས་ཤེས་རྟོགས་བྱུང་བའི་སྐབས་སུ།མི་མང་གིས་གོ་སྐབས་དམ་འཛིན་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་སྐུལ་སློང་བྱས་ཡོད།ཁོང་ཚོས་ཐང་ལ་ཙོག་པུར་བསྡད་ནས་ངོ་རྒོལ་བྱེད་པ་དང་། ས་གནས་སྲིད་གཞུང་གི་བར་དུ།མི་མང་མཉམ་རུབ་ཀྱི་སྒོ་ནས་འཆམ་འཆམ་ལ་འགྲོ་བ་སོགས་ཀྱི་མཚོན་པའི་ལས་འགུལ་བཀོད་སྒྲིག་བྱས་ཤིང་། ས་གནས་ཀྱི་འགོ་ཁྲིད་ཚོའི་ངོས་ནས་རྫས་འགྱུར་བཟོ་གྲྭ་སྒོ་རྒྱག་རྒྱུ་ཁས་ལེན་མ་བྱས་པའི་བར་དུ་མི་མང་ཁྲི་སྟོང་མང་པོ་ས་གནས་སྲིད་གཞུང་གི་མདུན་ནས་ཕྱིར་ལོག་བྱས་མེད། ཉིན་རྗེས་མར། རྫས་འགྱུར་བཟོ་གྲྭས་ཐོན་རྫས་བཟོ་སྐྲུན་བྱེད་རྒྱུ་མཚམས་འཇོག་བྱས་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

༡༽དྲྭ་ཐོག་ཏུ་ལས་འགུལ་བཀོད་སྒྲིག

༢༽འཇམ་སྡོད་དང་། པུས་མོ་བཙུགས་ནས་སྡོད་པ།

༣༽མང་ཚོགས་ཀྱི་ཁྲོམ་གཞུང་གི་ངོ་རྒོལ།

༤༽གྲོས་མོལ།

མེ་ཤོད་ཀྱི་ནགས་ཚལ་སྲུང་སྐྱོབ།

བོད་ཁུལ་གྱི་ཁམས་མེ་ཤོད་ས་ཆ་རུ། གྲོང་སྡེ་གསུམ་མཉམ་རུབ་བྱས་ཏེ། སོ་སོའི་ས་གནས་ཀྱི་ནགས་ཚལ་གཏོར་བཤིག་ལས་བསྐྱབས་པ་མ་ཟད། ཤིང་ནགས་གཅོད་འབྲེག་བྱེད་མཁན་རྣམས་ཁོང་ཚོའི་སྡོད་སྒར་ནས་གནས་དབྱུང་བཏང་བ་དང་།ཁོང་ཚོའི་འཕྲུལ་ཆས་ལ་གནོད་སྐྱོན་བཏང་བ།ཤིང་ནགས་སླར་ཡང་གཅོད་འབྲེག་མི་ཡོང་བའི་ཆེད་དུ་བར་གཅོད་བརྒྱབ་པ་བཅས་བྱས་ཡོད། གྲོང་གསེབ་ཀྱི་མི་མང་ཚོའི་སྙིང་སྟོབས་ཆེ་བའི་ལས་འགུལ་དེས།རྒྱ་ནག་ནང་གི་ཤ་ཁྱི་ལྗང་ཁུ་དང་ཞི་བདེ་ལྗང་ཁུ་ལྟ་བུའི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཁག་ལས་འགུལ་གྱི་ནང་དུ་མཉམ་ཞུགས་བྱེད་པའི་སེམས་ཤུགས་སྤར་ཡོད། རྒྱལ་སྤྱིའི་སྟེང་གི་མཐུན་ཕྱོགས་པ་ཚོའི་ངོས་ནས་གནད་དོན་དེའི་སྐོར་ལ་ཉམས་ཞིབ་དང་སྙན་ཐོ་བཏོན་པ་དེས།ས་ཁུལ་དེའི་ནང་གི་ཤིང་ནགས་གཅོད་འབྲེག་གི་གནད་དོན་ཛ་ཇེ་དྲག་དང་ཁྱབ་ཆེ་རུ་བཏང་བ་མ་ཟད། སྲིད་གཞུང་གི་ངོས་ནས་མི་མང་གི་ཐོག་ཏུ་དྲག་སྤྱོད་མི་སྤེལ་བའི་ཐད་དུའང་རོགས་འདེགས་བྱས་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

  • ༡༽ཐད་ཀར་གྱི་ཐེ་བྱུས།
  • ༢༽དྲིལ་བསྒྲགས་ལས་འགུལ།
  • ༣༽དྲྭ་ཐོག་ཏུ་ལས་འགུལ་བཀོད་སྒྲིག

ཇེམ་སི་བྷེ་ཆུ་མཛོད་ལས་གཞི་བཀག་འགོག་དང་། ཁེ་ན་ཌའི་ནང་གི་གདོད་མའི་མི་རིགས་ཀྱི་ཐོབ་ཐང་གཏན་འབེབས།

ཁེ་ན་ཌའི་ནང་གི་ཁེ་ལས་ཁང་ཧེ་ཌ་རོ་ཁུ་སྦེག་ཟེར་བ་དེས་ཇེམ་སི་བྷེ་ཆུ་གློག་བཟོ་སྐྲུན་ལས་གཞི་འགོ་བཙུགས་ཡོད་ལ།ལས་གཞི་དེས་ཐད་ཀར་གནོད་འཚེ་ཕོག་པའི་ཨེ་ནོ་ཊ་དང་ཁི་རེའི་ཡུལ་མི་ཚོས་རྒོལ་ལན་སློག་ཡོད།ལོ་ངོ་སུམ་ཅུ་ལྷག་གི་རིང་དུ། ཁོང་ཚོས་དང་ཐོག་ཁྲིམས་དང་གྲོས་མོལ་གྱི་ལམ་ཁ་དང་། རྗེས་སུ། ཁེ་ན་ཌ་དང་ཨ་རིའི་བྱང་ཤར་ས་ཁུལ་དུ། འཐབ་བྱུས་དང་གསར་གཏོད་རང་བཞིན་ལྡན་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་བརྒྱུད་དེ། ཆུ་མཛོད་ལས་གཞི་རིམ་པ་གཉིས་ལ་ངོ་རྒོལ་བྱས་ཡོད། ཁུངས་མི་འདྲ་བའི་ནུས་ལྡན་གྱི་མཉམ་འབྲེལ་ཚོགས་པས་གཞི་རིམ་གྱི་ནུས་སྟོབས་ཤུགས་ཆེ་རུ་བཏང་ཡོད་ལ། ཆུ་མཛོད་ལས་གཞི་རིམ་པ་གཉིས་པ་བཀག་འགོག་བྱས་ཡོད།ལས་འགུལ་གྱི་རྒྱལ་ཁ་དེས་ཨི་ནོ་ཊ་དང་ཁི་རེའི་ཡུལ་མི་ཚོའི་ངོས་ནས། སོ་སོའི་གདོད་མའི་ས་ཆ་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐད་ལ།ཁེ་ན་ཌའི་སྲིད་གཞུང་གི་ཐོག་ཏུ་ཤུགས་རྐྱེན་སྔར་ལས་ཆེ་རུ་བཏང་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

༡༽དྲིལ་བསྒྲགས་ཀྱི་ལས་འགུལ།

༢༽སྙན་ཞུ་འབུལ་བ་དང་ཡི་གེ་གཏོང་བ།

༣༽ཁྲིམས་ཐོག་གི་རྩོད་སྒྲུབ།

༤༽མ་རྩ་ཕྱིར་འཐེན་གྱི་ལས་འགུལ།

ཀུ་ཤུའི་འཕྲུལ་ཆས་མ་ལག་མཁོ་འདོན་དང་འབྲེལ་བའི་དུས་རྫས་གཙང་བཟོ།

ཕྱི་ལོ་༢༠༠༩་ལོའི་བར་དུ། འཛམ་གླིང་གི་གློག་ཀླད་དང་། ལག་འཁྱེར་ཁ་པར། པར་ཆས་སོགས་ཀྱི་བརྒྱ་ཆ་༥༠% རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་ནང་དུ་ཐོན་སྐྱེད་བྱེད་ཀྱི་ཡོད། ཀུ་ཤུ་བཟོ་ཚོང་ཁང་ལྟ་བུའི་རྒྱལ་མང་ཚན་རྩལ་བཟོ་ཚོང་ཁང་ཁག་གིས་སོ་སོའི་ཐོན་རྫས་ཀྱི་སྙིགས་རོ་དང་འབྲེལ་བའི་དུག་རྫས་ཀྱི་ཐད་དུ་དོ་ཁུར་བྱས་མེད། མང་ཚོགས་དང་ཁོར་ཡུག་ལས་དོན་བསྟི་གནས་ཁང་ཐེ་བའི་མཉམ་འབྲེལ་གྱི་ཚོགས་པ་ཁག་གིས་ཚོང་དོན་ལྷན་ཁང་ཁག་གི་ངོས་ནས་སོ་སོའི་འགན་འཁུར་དང་དུ་ལེན་པའི་ཐད་དུ་ལས་འགུལ་སྤེལ་བ་དང་། ཚན་རྩལ་བཟོ་ཚོང་ཁང་དེ་དག་དང་མཁོ་འདོན་པ་གཉིས་མཉམ་དུ་སྦྲེལ་ཡོད། རྒྱུན་མཐུད་པའི་དྲིལ་བསྒྲགས་དང་གནས་ཚུལ་ཛ་ཇེ་དྲག་ཏུ་གཏོང་བའི་ཐབས་རྩལ་བེད་སྤྱོད་བྱས་པ་ལ་བརྟེན་ནས། མཐའ་མར། ཀུ་ཤུ་ལྟ་བུའི་བཟོ་ཚོང་ཁང་ཁག་གིས་སོ་སོའི་ཐོན་རྫས་ཀྱི་རྒྱུ་ཆ་མཁོ་འདོན་བྱེད་མཁན་དང་འབྲེལ་བའི་གནད་དོན་ངོས་ལེན་གནང་དགོས་པ་ཆགས་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

  • ༡༽དྲིལ་བསྒྲགས་ཀྱི་ལས་འགུལ།
  • ༢༽སྙན་ཞུ་འབུལ་བ་དང་ཡི་གེ་གཏོང་བ།
  • ༣༽དྲྭ་ཐོག་ཏུ་ལས་འགུལ་བཀོད་སྒྲིག

པེ་ཅིན་གྱི་དུ་སྨུག མཁའ་རླུང་འབག་བཙོག་གི་ཚད་གཞི་ངོ་མ་སྟོན་པའི་ཆེད་དུ་ངོ་རྒོལ།

ཕྱི་ལོ་༢༠༠༨་ལོའི་པེ་ཅིན་ཨོ་ལིན་པིག་རྩེད་འགྲན་རྗེས་ཀྱི་ལོ་ཁ་ཤས་ནང་། རྒྱ་ནག་གི་མཁའ་རླུང་སྤུས་ཚད་བྱ་ར་བྱེད་མཁན་ཚོས། གྲོང་ཁྱེར་ནང་གི་མཁའ་རླུང་གི་སྤུས་ཚད་ཡག་པོའམ་ཧ་ཅང་ཡག་པོ་ཡོད་ཚུལ་བསྒྲགས་ཡོད་ཀྱང་། ཨ་རིའི་གཞུང་ཚབ་ཀྱི་ངོས་ནས། དུས་ཡུན་དེའི་བརྒྱ་ཆ་༨༠%རིང་གི་མཁའ་རླུང་གི་སྤུས་ཚད་ཞན་པོ་ཡོད་པ་གསལ་བསྒྲགས་བྱས་ཡོད། ཕྱི་ལོ་༢༠༡༢་ལོར། དྲྭ་ཐོག་ཏུ་མི་ཚོས་ཁོང་ཁྲོ་ཆེན་པོ་བསྟན་པ་དེས། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་མཁའ་རླུང་གི་སྤུས་ཚད་འཇལ་བྱེད་ཀྱི་མ་ལག་ལ་འགྱུར་བ་གཏོང་དུ་བཅུག་སྟེ། གཞུང་གི་ལས་འཆར་གྱི་ལོ་༤་སྔོན་དུ། པི་ཨེམ་༢།༥ བརྒྱུད་དེ་རླུང་གི་སྤུས་ཚད་ངོ་མ་དེ་སྟོན་དགོས་པ་བཟོས་ཡོད།དྲྭ་ཐོག་ཏུ་རྩོམ་ཡིག་སྤེལ་མཁན་དང་། མི་མང་དཀྱུས་མ། དྲྭ་ཐོག་གི་གསར་འགོད་པ་བཅས་ཀྱིས། རྒྱ་ནག་གཞུང་གི་ཡ་ལན་སྤྲོད་སྟངས་ལ་འགྱུར་བ་བཏང་ཡོད་ལ། དེས་ཁྱབ་ཆེ་བའི་དྲྭ་ཐོག་གི་སྐུལ་སློང་གི་ནུས་ཤུགས་གསལ་སྟོན་བྱས་ཡོད།

བེད་སྤྱོད་བྱས་པའི་ཐབས་རྩལ་ཁག་ཅིག

  • དྲྭ་ཐོག་ཏུ་ལས་འགུལ་བཀོད་སྒྲིག
  • འོས་འཕེན་པ།
Top